དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཨ་མ་བཀའ་དྲིན་ཆེ་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ནག་ཤོད་ང་རོའི་འཚེར་སྒྲ།   |     སྤེལ་དུས།  2024-12-01

    བྱང་ཐང་དབེན་པའི་ཡུལ་གྱི། །

    ང་ཡི་དྲིན་ཆེན་ཨ་མ། །

    མི་ལོ་དུ་མའི་རིང་ལ། །

    ཕྱུགས་རིགས་འཚོས་ནས་བསྡད་ཡོད། །

    སྒོ་ཟོག་འཚོ་བའི་ཨ་མས། །

    ཆུང་ནས་ད་ལྟའི་བར་དུ། །

    ང་རང་སློབ་གྲྭའི་ཚལ་དུ། །

    ཤེས་རིག་སྦྱོང་བར་མངགས་བྱུང་། །

    ཁྱིམ་གྱི་འཚོ་བའི་ཁུར་པོ། །

    ཨ་མས་ཕྲག་ཏུ་བཞེས་སོང་། །

    བྱམས་དང་བརྩེ་བའི་མེ་ཏོག །

    བུ་ཆུང་ང་ལ་གནང་བྱུང་། །

    ནམ་མཁའི་ཐོ་རེངས་སྐར་ཆེན། །

    གནམ་གྱི་མཐའ་ནས་མ་ཡལ། །

    དྲིན་ཆེན་ཨ་མའི་དབྱངས་རྟ། །

    ལྷས་རའི་ནང་ནས་ཐོས་ཡོང་། །

    ཕྱུར་བ་དར་བའི་བཀའ་དྲིན། །

    དར་བ་མར་གྱི་དྲིན་ཡིན། །

    མར་ནི་འོ་མའི་བཀའ་དྲིན། །

    ཡོད་ཚད་ཨ་མའི་དྲིན་ཡིན། །

    མི་སྡུག་དྲི་ངན་ལྕི་བ། །

    ཨ་མས་ཕྱག་གིས་བསྒྲུགས་ཏེ། །

    ཁྱིམ་གྱི་བད་ཀ་གྲུ་བཞིར། །

    ལྕི་ཕག་ལྕགས་རིས་བསྐོར་སོང་། །

    ཉི་མ་ལ་ཁར་བཞུད་མཚམས། །

    ནོར་གནག་ཐང་དུ་དེད་ནས། །

    ཐལ་རྡུལ་དུ་བའི་ཁྲོད་དུ། །

    ཕྱུགས་ཟོག་རྡང་ལ་བཏགས་སོང་། །

    དབྱར་གྱི་ཆར་ཤོད་བར་དང་། །

    དགུན་གྱི་ཁ་བའི་དཀྱིལ་ན། །

    ལོ་ཟླ་འཁྱག་གིས་བསྡམས་རུང་། །

    ཨ་མའི་བཞོ་དབྱངས་མི་ཆད། །

    དྲིན་ཆེན་ཨ་མའི་དཔྲལ་བར། །

    གཉེར་མའི་བང་རིམ་ཆགས་འདུག །

    དཀར་དམར་ཞལ་གྱི་དཀྱིལ་འཁོར། །

    དུས་ཀྱི་རླུང་བུས་བརྐུས་སོང་། །

    ལྡེམ་ཞིང་འཁྱུག་པའི་སྐུ་གཟུགས། །

    ལོ་ཟླའི་ཁུར་པོས་མནན་ཏེ། །

    མདའ་ལྟར་འདྲོང་བའི་སྐུ་གཟུགས། །

    གཞུ་བཞིན་དལ་གྱིས་གུག་སོང་། །

    འཇམ་མཉེན་ཨ་མའི་ཕྱག་ཟུང་། །

    གས་ནས་རྨ་ཤུལ་ཆགས་འདུག །

    མེ་ཏོག་ལྟ་བུའི་ལང་ཚོ། །

    ལོ་ཟླའི་རླུང་གིས་བཅོམ་སོང་། །

    གསར་པར་ཨ་གསར་མེད་ཅིང་། །

    རྙིང་པར་འཁྲེང་ཞེན་མེད་པའི། །

    ཕྱི་ཐག་རིང་བའི་ཨ་མ། །

    བུ་ངའི་ལམ་སྟོན་སྒྲོན་མེ། །

    དྲིན་ཆེན་ཨ་མའི་བཀའ་དྲིན། །

    རྒྱ་མཚོ་ལས་ཀྱང་ཟབ་པས། །

    ཤོག་དཀར་ཡངས་མོའི་ངོས་སུ། །

    བྲིས་ཀྱང་ཚར་རྒྱུ་མེད་དོ། །

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།