དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སེ་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མེ་ཆར།   |     སྤེལ་དུས།  2024-11-26

    སེ་ལན། ངའི་ནང་སེམས་ཀྱི་འཇིག་རྟེན་དུ་ཁྱོད་ཟེར་བའི་ཐ་སྙད་ཅིག་ཡོད་པ་ནས་བཟུང་། ཁོ་མོའི་འཇིག་རྟེན་དུ་ཁ་དོག་ཡོད་ཅིང་། མཛེས་སྡུག་དང་། དགའ་སྐྱོ། མིག་ཆུ་ཡོད།

    དབྱར་དུས་ཀྱི་དཔལ་ཡོན་བཞད་དུས། ཁྱོད་ནི་མེ་ཏོག་བཞིན་འཛུམ་ཞིང་། བུང་བ་བཞིན་ལྡིང་བ་དང་། ཟླ་འོད་བཞིན་འཚེར་ཞིང་། འཇའ་ཚོན་བཞིན་ཤར་འདུག

    སེ་ལན། དོན་ངོ་མར་ཁྱོད་ནི་སུ་རེད། གྲག་འགུལ་མེད་པར་གཟུགས་མེད་ཀྱི་རླུང་བུ་ཇི་བཞིན། ངའི་དབུགས་རྒྱུན་གྱི་ཀློང་དུ་ཐིམ་དུས། ངས་ཁྱོད་ཀྱི་རྒྱབ་གཟུགས་ལ་ཞེན་ཆགས་ཀྱི་ཚིག་གི་ཐ་སྙད་སྤུངས་ཤིང་། བརྗོད་མི་ཚར་བའི་གཏམ་རྒྱུད་ཀྱི་རི་མོ་སྣ་ཚོགས་བྲིས།

    སེ་ལན། ཁྱོད་ནི་ངའི་ནང་སེམས་ཀྱི་དབྱར་ཁ་དེ་ཡིན་ལ། དགུན་གྱི་ཁ་བ་དང་། སྟོན་གྱི་སྙེ་མ། དཔྱིད་ཀྱི་མེ་ཏོག་དག་ཀྱང་ཡིན། མདོར་ན། ཁྱོད་ལ་དུས་བཞིའི་མཛེས་སྡུག་ཡོད་ཚད་མངའ་བས། ཁོ་མོའི་འཇིག་རྟེན་གྱི་གྲུ་ཟུར་རེ་རེར་ཁྱོད་ཉིད་གཏན་ནས་མེད་ཐབས་མེད་ཨང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།