དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ང་དང་འཇའ་ཚོན་ལྷ་མོའི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འཇོ་མདའ་པདྨ།   |     སྤེལ་དུས།  2024-11-26

    ང་རང་མི་ཡུལ་འདིར་ཐོག་མར་སླེབས་དུས། མོ་རང་མི་ཡུལ་འདིར་སླེབས་ནས་ལོ་གཅིག་ཏག་ཏག་ཕྱིན་འདུག རང་རང་གི་མི་ཚེའི་འགྲོ་ལམ་མཐུན་པས། སྐྱེ་ས་དང་འཚར་ས་གཅིག་ཅིང་། དགའ་ཕྱོགས་དང་རྨི་ལམ་ཡང་གཞི་གཅིག་ཏུ་སྦྲེལ། ནར་སོན་གྱི་གོ་རིམ་ཁྲོད་ནས། ངའི་སྙིང་ཆུང་དམར་པོ་མོ་ལ་འཁོར་ཞིང་། མོའི་ཟུར་མིག་ཀྱང་ངའི་ཕྱོགས་སུ་ཀེམ་ཀེམ་དུ་གཡོ་བར་བྱེད། འཐམ་འཁྱུད་ཐེངས་གཅིག་གི་རྗེས་སུ། རྟག་ཏུ་འགྲོགས་འདོད་ཀྱི་བརྩེ་བའི་ལོ་འདབ་རྒྱས་ཤིང་། ནམ་ཡང་འབྲལ་མི་འདོད་པའི་དུང་བའི་མྱུ་གུ་འབུས།

    འབྲོག་ཐང་གི་སྒང་གཤོང་རེ་རེ་ན། མེ་ཏོག་དང་རྩྭ་ལྗང་གི་ཟུར་རྩེ་རེ་རེ་ན། ངེད་གཉིས་ཀྱི་ཆུང་དུས་ཀྱི་ལང་ཚོའི་མེ་ཏོག་ལུས་ཡོད། མཐོ་སྒང་གི་ཆར་རླུང་གསེབ་དང་། ནོར་གནག་གི་ངུར་སྒྲའི་ཁྲོད་དུ། ངེད་གཉིས་པོར་གཅིག་ལ་གཅིག་རྟེན་གྱི་འཚོ་བའི་ལམ་བུ་ཡོད།

    མི་ཚོགས་ཀྱི་འུར་ཟིང་དང་། སྤྱི་ཚོགས་ཀྱི་འདུ་ལོང་མེད་ས་ནས། ངེད་གཉིས་པོའི་དགའ་བའི་དགོད་སྒྲར་རྒྱུན་ཆད་མེད། གློ་སྙིང་མཆིན་གསུམ་གྱི་རུམ་དུ། ང་རང་ཕོ་ལོ་བཅོ་ལྔར་བསླེབས་ཤིང་། མོ་རང་ཡང་མོ་ལོ་བཅུ་དྲུག་ཏུ་བསླེབས་པས། ངེད་གཉིས་པོའི་ཡིད་མཁའ་རུ་རང་རང་སོ་སོར་གྱེས་དགོས་པའི་ཟློག་མེད་ལས་དབང་གི་སྨུག་པ་འཁྲིག་འགོ་བརྩམས། དེ་ལྟར། ཟློག་ཐབས་བྲལ་བའི་ལོ་ཟླའི་འགྲུལ་བཞུད་ཀྱི་ཁྲོད་ནས། མོ་རང་བྱིས་པ་ལྔ་ཡི་ཨ་མར་གྱུར་ཞིང་། ང་རང་གྲོང་འདབས་སུ་རྒྱུ་བའི་མི་ལྡོམ་ཞིག་ཏུ་གྱུར། འོན་ཀྱང་། ངེད་གཉིས་པོའི་འདས་སོང་གི་བརྩེ་བའི་ལག་འཇུ་དྲོན་མོ་དེ་ནི་ངའི་ཚེ་གཅིག་གི་དྲན་ཤིང་ཡིན་ལ། མི་ཚེའི་ཤོག་དཀར་ངོས་སུ་ཤར་བའི་བསུབ་ནས་ཟུབ་ཐབས་བྲལ་བའི་རི་མོར་གྱུར། དེ་ལྟར། བཞིན་ལ་འཛུམ་ཆུང་བབས་པའི་ཁྱེད་རང་། ཞེ་རུ་གཡོ་འཕྲུལ་མེད་པའི་ཁྱེད་རང་། འཇའ་ཚོན་ལྟ་བུའི་བུ་མོ་ཁྱེད་རང་། ངའི་མི་ཚེ་འདིའི་ཞེན་ཆགས་ཀྱི་དར་ཐག་དང་། ངའི་མཚན་ལྗོངས་རིང་མོའི་ཆེས་མཛེས་པའི་རྨི་ལམ་དུ་གྱུར།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།