དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་རིམ་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།   ཚེ་བརྟན་རྡོ་རྗེ། བདེ་སྐྱིད་བུ་ཁྲིད།   |     སྤེལ་དུས།  2024-11-26

    གཅིག  སྨྱན་སྦྱོར་མཉམ་འདྲེས་ཀྱི་ཐོག་མའི་དར་ཡུལ་དང་ནང་སའི་འཕེལ་རིམ།

    ༡  ཐོག་མའི་དར་ཡུལ།

    འཇར་མན་ནི་འཛམ་གླིང་ཐོག་ཚགས་པར་འགྲེམས་སྤེལ་བྱེད་སྔ་ཤོས་དང་དེང་རབས་སྨྱན་སྦྱོར་ལས་རིགས་དར་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་ཀྱང་ཡིན།   དུས་རབས་གསར་པར་སླེབས་རྗེས་འཇར་མན་གྱི་སྲོལ་རྒྱུན་སྨྱན་སྦྱོར་གྱི་འཕེལ་རྒྱས་ལ་གསར་དར་སྨྱན་སྦྱོར་གྱི་རྡུང་རྡེག་ཕོག་མོད།  འོན་ཀྱང་འཇར་མན་གྱི་སྨྱན་སྦྱོར་ཚན་པས་སྲོལ་རྒྱུན་སྨྱན་སྦྱོར་དང་ཁྱབ་སྤེལ་ལག་རྩལ་གསར་ཤོས་ཀྱི་འཐབ་ཇུས་མཉམ་འདྲེས་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་སྨྱན་སྦྱོར་མཉམ་འདྲེས་ཀྱི་བཞུད་ལམ་ཐོག་བདེ་པོའི་ངང་བསྐྱོད་ཐུབ་པ་བྱུང་། 

    1983ལོར་དགེ་རྒན་ཆེ་མོ་བ་དབྱི་ཆིར·སུའོ་ལེ·ཕུའར(Ithiel de Sola Pool)གྱིས་བརྩམས་པའི《རང་མོས་ཀྱི་ལག་རྩལ》ཞེས་པའི་དེབ་ནང་“སྨྱན་བྱེད་མཉམ་འདྲེས”ཞེས་པའི་ཐ་སྙད་དེ་ཐོན་པ་ནས་བཟུང་། ནུབ་ཕྱོགས་ཀྱི་མཁས་དབང་ཚོས་སྨྱན་སྦྱོར་དང་འབྲེལ་བ་ཡོད་པའི་གནད་དོན་ཁག་ལ་ཞིབ་འཇུག་བྱས་ཡོད་དེ།  ཞིབ་འཇུག་གི་ཁྱབ་ཁོངས་སྨྱན་སྦྱོར་གྱི་ཕྱི་རོལ་ཁོར་ཡུག་དང་ནང་ཁུལ་ལམ་སྲོལ། སྨྱན་སྦྱོར་གཉེར་སྐྱོང་དང་གསར་འགྱུར་སློབ་གསོ་སོགས་ཚུད་ཡོད།  

    ཉེ་བའི་ལོ་ཤས་རིང་། ནུབ་ཕྱོགས་ཀྱི་མཁས་དབང་ཚོས་བྱ་ལྟར་འཕུར་བའི་སྨྱན་སྦྱོར་མཉམ་འདྲེས་ཀྱི་ལག་ལེན་ལ་དོ་ཁུར་བྱེད་མུད་ཡིན་ལ།   ཞིབ་འཇུག་གི་དམིགས་ས་དེ་ལག་རྩལ་ཁོ་ན་མིན་པར་དེ་བས་གཏིང་ཟབ་པའི་ཕྱོགས་སུ་བསམ་གཞིག་བྱེད་མགོ་ཚུགས་ཡོད་དེ། གཅིག་ནས་སྨྱན་སྦྱོར་ཐོན་ལས་ཀྱི་དོ་དམ་དང་གཉེར་སྐྱོང་།  ཕྱོགས་སྒྱུར་དང་སྒྱུར་བཅོས་ལ་བསམ་གཞིག་དང་།  གཉིས་ནས་སྨྱན་སྦྱོར་མཉམ་འདྲེས་ལས་བྱུང་བའི་རིག་གནས་དར་རྒྱས་སོགས་ཀྱི་གནད་དོན་འཚོལ་ཞིབ་བྱེད་བཞིན་ཡོད། 

    ༢ ནང་སའི་འཕེལ་རིམ། 

    ཀྲུང་གོའི་སྨྱན་སྦྱོར་མཉམ་འདྲེས་ཀྱི་གཞུང་ལུགས་དང་ལག་ལེན་ལ་སྲིད་ཕྱོགས་དང་། རིག་གཞུང་ཁྱབ་ཁོངས། ལས་གཉེར་ཁྱབ་ཁོངས་སོགས་གང་ས་ཅི་ཐད་ནས་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པས། སྨྱན་སྦྱོར་མཉམ་འདྲེས་སྐོར་གྱི་ཞིབ་འཇུག་གི་གྲངས་འབོར་དང་སྤུས་ཚད་ཉིན་རེ་བཞིན་མ་འདས་པར་མཐོ་རུ་འགྲོ་བཞིན་ཡོད།  ཉེ་བའི་ལོ་གཉིས་གསུམ་རིང་གི་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཞིབ་འཇུག་ལས་ཁ་ཕྱོགས་གསར་པ་དང་གླེང་མང་བའི་གནད་དོན་གསར་པ་མང་དག་ཞིག་འཐོན་ཡོད་ལ། ལྷག་པར་དུ་རིག་ནུས་སྨྱན་སྦྱོར་གྱི་དུས་རབས་སུ་སླེབས་པ་ལས་བྱུང་བའི་ཐོན་ལས་འཕོ་འགྱུར་དང་།  སྨྱན་སྦྱོར་སྣོད་བཅུད་བསྐྱར་སྒྲིག གསར་འགྱུར་བརྒྱུད་བསྒྲགས་སློབ་གསོའི་འགྱུར་ལྡོག་དང་སྒྱུར་བཅོས་སོགས་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། 

    2013ལོའི་8·19གསུང་བཤད་ནས་2019ལོའི་ལོ་སྟོད་བར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྨྱན་སྦྱོར་མཉམ་འདྲེས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་ནན་བཤད་ཐེངས་མང་གནང་ཡོད།  2013ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས《རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད》ནང་དེང་སྐབས་སྤྱི་ཚོགས་ཐོག་ན་གཞོན་མང་ཆེ་བས་དྲ་ཐོག་ནས་ཆ་འཕྲིན་ཤེས་རྟོགས་བྱ་རྒྱུའི་གདམ་ག་བྱེད་པའི་སྐོར་གླེང་སྐབས། “གཙོ་རྒྱུན་སྨྱན་སྦྱོར་གྱིས་ངེས་པར་དུ་གླེང་ཕྱོགས་ཀྱི་རང་འགུལ་དབང་ཆ་དེ་མཐའ་མཚམས་ཅན་དུ་མི་འགྱུར་བར་བྱེད་དགོས་པ་དང་།  སྲོལ་རྒྱུན་སྨྱན་སྦྱོར་དེ་དངོས་སུ་དེང་རབས་སྨྱན་སྦྱོར་གྱི་བྱ་ཐབས་གསར་པ་དང་ལག་རྩལ་གསར་པ་བེད་སྤྱོད་གཏོང་མཁན་ཞིག་ཏུ་འགྱུར་བ་བྱེད་དགོས་པ།   སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀུན་འདུས་སྨྱན་སྦྱོར་འཛུགས་སྐྱོང་བྱ་རྒྱུ་དེ་ང་ཚོར་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་ཏུ་གྱུར་ཟིན” ཞེས་གསུངས་ཡོད།  2014ལོའི་ཟླ་8ཚེས་18ཉིན།《སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ནང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་ངེས་པར་དུ་གསར་འགྱུར་ཁྱབ་སྤེལ་ཆོས་ཉིད་དང་གསར་དར་སྨྱན་སྦྱོར་གོང་འཕེལ་གྱི་ཆོས་ཉིད་ལ་བརྩི་སྲུང་དང་།  མཉམ་སྦྲེལ་དྲ་རྒྱའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ།  སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་གྱི་ལེགས་ཆ་གསབ་རེས་དང་གཞི་གཅིག་ཅན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ།  སྔོན་ཐོན་ལག་རྩལ་གྱིས་འདེགས་སྐྱོར་དང་།  ནང་དོན་འཛུགས་སྐྲུན་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ།  སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་དབར་ནང་དོན་དང་།  ཐབས་ལམ།  ལས་སྟེགས།  གཉེར་སྐྱོང་།  དོ་དམ་སོགས་ཀྱི་ཐད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྣམ་པ་སྣ་ཚོགས་དང་།  བྱ་ཐབས་སྔོན་ཐོན།  འགྲན་རྩོད་ནུས་ལྡན་བཅས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་ཁག་གཅིག་གཏོད་རྒྱུར་ཤུགས་རྒྱག་དགོས་ཞེས་ནན་བཤད་གནང་ཡོད། 2015ལོའི་ཟླ་12ཚེས་25ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་གི་ཚགས་པར་ཁང་ལ་གཟིགས་ཞིབ་གནང་སྐབས་མཉམ་འབྲེལ་དྲ་རྒྱའི་བསམ་གཞིག་དང་གཞི་གཅིག་ཅན་གྱི་འཕེལ་རྒྱས་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་།  སྨྱན་སྦྱོར་ཐོན་ཁུངས་དང་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་རྣམས་ནུས་ལྡན་ངང་བསྡུ་སྒྲིལ་བྱ་རྒྱུར་སྐུལ་འདེད་གཏོང་བ།  ཆ་འཕྲིན་གྱི་ནང་དོན་དང་།  ལག་རྩལ་གྱི་བཀོལ་སྤྱོད།  ལས་སྟེགས་ཀྱི་མཐའ་སྣེ།  ཤེས་ལྡན་མི་སྣའི་དཔུང་ཁག་བཅས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།  2016ལོའི་ཟླ་2ཚེས་19ཉིན་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས།  མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རང་འགུལ་ངང་སྨྱན་སྦྱོར་གསར་པའི་བརྒྱུད་བསྒྲགས་ལེགས་ཆར་བརྟེན་ནས།  གང་མགྱོགས་ཁ་སྣོན་ཙམ་གྱི་དུས་མཚམས་ནས་མཉམ་འདྲེས་ཀྱི་དུས་མཚམས་སུ་སླེབས་པ་བྱས་ཏེ“གྲི་སོ་སོ་ཤ་ཁག་ཁག”ནས“ཆུ་དང་འོ་མ་འདྲེས་པ་”ལྟ་བུར་བསྒྱུར་ནས་ནུས་ཤུགས་ཡོད་རྒུས་གཙོ་རྒྱུན་སྨྱན་སྦྱོར་གསར་པ་ཁག་གཅིག་གཏོད་དགོས་ཞེས་གསུངས་ཡོད།  2019ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཉིས་པར་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀུན་འདུས་སྨྱན་སྦྱོར་འཛུགས་སྐྱོང་བྱ་རྒྱུ་དེ་ང་ཚོར་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་ཡོད། 2019ལོའི་ཟླ་3ཚེས་16ཉིན་བཏོན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་དྲུག་པའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་མ་གང་མགྱོགས་བཏང་ནས་ཀུན་འདུས་སྨྱན་སྦྱོར་གྱི་བརྒྱུད་བསྒྲགས་རྣམ་པ་ཆགས་པ་བྱེད་དགོས》ཞེས་པ་བཏོན་པ་རེད།  ཏང་ཀྲུང་དབྱང་གིས་སྨྱན་བྱེད་ཀྱི་རྣམ་པ་བསྒྱུར་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཅིང་།  གསར་འགྱུར་གྱི་ངོ་བོ་ནི་གསར་ཐོན་རང་བཞིན་དང་ནུས་ལྡན་རང་བཞིན་ཡིན་ཡང་།  ཚགས་པར་གྱི་ཐོན་སྐྱེད་ལ་འགྲེམས་སྤེལ་གྱི་ཡུལ་དུས་དང་ཐོན་སྐྱེད་བརྒྱུད་རིམ་གྱི་བཀག་རྒྱ་ཐེབས་པས།  དུས་ནུས་རང་བཞིན་ཐད་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱེད་པའི་དྲ་སྦྲེལ་དང་བསྡུར་ཐབས་མེད།   ད་ཆ་བརྒྱུད་བསྒྲགས་ལག་རྩལ་གསར་པའི་ཁྲིད་སྟོན་འོག་མང་ཚོགས་ཀྱིས་ཡུལ་དུས་གང་རུང་དུ་གསར་འགྱུར་ལྟ་ཀློག་བྱེད་ཆོག་པ་དང་། མང་ཚོགས་ཉིད་ཀྱང་བརྒྱུད་བསྒྲགས་པ་ཞིག་ཏུ་གྱུར་ཡོད།  

    2002ལོ་ནས་2010ལོའི་དབར་སྨྱན་སྦྱོར་མཉམ་འདྲེས་ཐད་ཀྱི་ཞིབ་འཇུག་གཙོ་བོ་ཐ་སྙད་དང་རིགས་པའི་གཞུང་ལུགས་ཐད་ཀྱི་ཞིབ་འཇུག་ཡིན། “སྨྱན་སྦྱོར་མཉམ་འདྲེས”ཞེས་པའི་ཐ་སྙད་དེ་ཐེངས་མང་ཐོན་ཡོད་ཀྱང་འབྲེལ་ཡོད་ཀྱི་ཞིབ་འཇུག་ཁྱབ་ཁོངས་ཆུང་བ་དང་ཞིབ་འཇུག་གི་ཟུར་ཚད་དང་ཁ་ཕྱོགས་དེ་ཙམ་ཕུན་སུམ་ཚོགས་པོ་མེད། 2011ལོ་ནས་2020ལོའི་དབར་འབྲེལ་ཡོད་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་ཆེར་འཕེལ་བ་དང་ནང་དོན་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ནས། 2014ལོར“གཙོ་རྒྱུན་སྨྱན་སྦྱོར”དང“གསར་དར་སྨྱན་སྦྱོར”ཐད་ཀྱི་ཞིབ་འཇུག་འབོར་ཆེན་ཐོན་ཡོད་ལ། “སྨྱན་སྦྱོར་མཉམ་འདྲེས”ཞེས་པ་དེ་2014ལོའི་གསར་འགྱུར་བརྒྱུད་བསྒྲགས་རིག་པའི་རིགས་གཞུང་ཁུངས་གཏོགས་དང་ལས་གཉེར་ཁུངས་གཏོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་བརྗོད་གཞི་ཞིག་ཏུ་གྱུར་ཡོད། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་ཞིབ་འཇུག་དེ་ཡང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ཞིབ་འཇུག་བྱ་གཞི་གལ་ཆེན་སོགས་རྒྱལ་ཁབ་རིམ་པ་དང་གྲོང་ཁྱེར་རིམ་པའི་ཞིབ་འཇུག་རྣམ་གྲངས་ནང་ཚུད་ཡོད་པ་མ་ཟད། གསར་འགྱུར་སློབ་གླིང་ཁག་གི་ཞིབ་འཇུག་བརྗོད་གཞིར་གྱུར་ཡོད་པ་བཅས། རིག་གཞུང་ཁུངས་གཏོགས་གི་ཞིབ་འཇུག་ལས་འབྲེལ་ཡོད་ཞིབ་འཇུག་དང་ལག་ལེན་གྱི་ལས་སྒོར་སྐུལ་མ་ཆེན་པོ་ཐེབས་ཡོད། 

    སྤྱིར་ན་རང་རྒྱལ་གྱི་སྨྱན་སྦྱོར་མཉམ་འདྲེས་ཞིབ་འཇུག་ལ་རིགས་འགའ་དབྱེ་ཆོག་པ་གཤམ་གསལ།  སྨྱན་སྦྱོར་མཉམ་འདྲེས་སྐོར་གྱི་ཐ་སྙད་ཞིབ་འཇུག  དེའི་ནང་སྨྱན་བྱེད་མཉམ་འདྲེས་དང་།  རྫོང་རིམ་པའི་སྨྱན་སྦྱོར་མཉམ་འདྲེས། གཙོ་རྒྱུན་སྨྱན་སྦྱོར་སོགས་ཚུད་ཡོད། བརྗོད་དོན་དེ་དག་ནི་སྨྱན་སྦྱོར་མཉམ་འདྲེས་ཞིབ་འཇུག་གི་ལྟེ་བའི་གྲོས་གཞི་ཡིན་ཞིང་།  རྒྱལ་ཁབ་ཀྱི་སྲིད་ཇུས་དང་ལས་གཉེར་ཁོངས་གཏོགས་ཀྱི་ལག་ལེན་གསར་ཤོས་ལས་འབྲེལ་ཡོད་ཞིབ་འཇུག་ལ་སྐུལ་འདེད་ཐུབ་ནས་གོམ་སྟབས་རེ་རེ་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད།  སྨྱན་སྦྱོར་ལས་རིགས་ཀྱི་ཞིབ་འཇུག་ཁྲོད་ཕལ་ཆེ་བ་ལག་རྩལ་སྐོར་གྱི་ཞིབ་འཇུག་ཡིན་ཏེ། “5G”དང་། “གྲངས་གཞི་ཅན”“VR/AR”“སྨྱན་སྦྱོར་གསར་པའི་ལག་རྩལ”སོགས་ཀྱི་སྐོར།   《སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ནང་བསྟན་དོན། “སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལག་རྩལ་འཛུགས་སྐྱོང་དང་ནང་དོན་འཛུགས་སྐྱོང་གཉིས་འདྲ་མཉམ་གྱི་གནས་བབ་ཐོག་འཇོག་དགོས།  དྲ་སྦྲེལ་ཁྱབ་སྤེལ་སྒུལ་བདེ་ཅན་དང་།  འབྲེལ་ལམ་ཅན།  བརྙན་ལམ་གྱི་རྣམ་པར་འགྱུར་བའི་འཕེལ་ཕྱོགས་དང་བསྟུན་ནས་གྲངས་གཞི་ཆེ་མོ་དང་སྤྲིན་རྩིས་སོགས་ལག་རྩལ་གསར་པ་བེད་སྤྱོད་ཧུར་ཐག་བྱས་ཏེ་སྒུལ་བདེའི་དུད་སྣེ་དང་ལག་ཐོགས་ཁ་པར་གྱི་དྲ་ཚིགས་སོགས་བཀོལ་སྤྱོད་བྱེད་སྟངས་གསར་པ་འཕེལ་རྒྱས་གཏོང་བ།  ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ།  ལག་རྩལ་གསར་པས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་བཅས་ཀྱི་ཐོག་ནས་སྨྱན་སྦྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད།  གཞན་སྨྱན་སྦྱོར་སྤྱོད་པ་པོའི་ཞིབ་འཇུག་གི་སྐོར་ལ་གསར་འགྱུར་ཐོན་སྐྱེད་ལས་སྟེགས་ཀྱི་སྒོ་མོ་ཕྱེ་ནས་སྤྱོད་མཁན་ཚོ་གསར་འགྱུར་ཐོན་སྐྱེད་ནང་ཞུགས་པའི་གོ་སྐབས་མཁོ་འདོན་བྱེད་དགོས་པ་བསྟན་ཡོད། དེ་མིན་གཞུང་ཕྱོགས་མ་ཡིན་པའི་སྨྱན་སྦྱོར་ལས་སྟེགས་སྐོར་གྱི་ཞིབ་འཇུག་ནང་གཙོ་རྒྱུན་སྨྱན་སྦྱོར་དང་སྒེར་གྱི་སྨྱན་སྦྱོར་ལས་སྟེགས་སོ་སོར་རང་ཉིད་ཀྱི་ལེགས་ཆ་ཡོད་པ་དང་གཙོ་རྒྱུན་སྨྱན་སྦྱོར་ལ་ཆེད་ལས་རང་བཞིན་དང་། དབང་གྲགས་རང་བཞིན།  སྐབས་དོན་ཆབ་སྲིད་ཀྱི་གསར་འགྱུར་འཚོལ་བསྡུ་དང་རྩོམ་སྒྲིག་བྱེད་དབང་ཡོད་པ།  སྒེར་གྱི་སྨྱན་སྦྱོར་ལས་སྟེགས་ལ་ཐབས་ལམ་དང་།  སྤྱོད་མཁན།  ལག་རྩལ་དང་སྟེགས་བུའི་རྒྱབ་ལྗོངས་སོགས་ཀྱི་ལེགས་ཆ་ལྡན་ཡོད།  སྨྱན་སྦྱོར་མཉམ་འདྲེས་ཁྲོད་ལས་སྟེགས་སྨྱན་སྦྱོར་ཅན་དང་སྨྱན་སྦྱོར་ལས་སྟེགས་ཅན་དུ་འགྱུར་བའི་ཞིབ་འཇུག་ལའང་དོན་སྙིང་གལ་ཆེན་ལྡན་ཡོད་པ་གསལ།   གཉེར་སྐྱོང་དོ་དམ་ཐད་ཀྱི་ཞིབ་འཇུག་ནང་གསར་འགྱུར་རྩ་འཛུགས་ཀྱི་སྒྲིག་གཞི་སོགས་ཚུད་ཡོད་དེ། སྨྱན་སྦྱོར་རྩ་འཛུགས་ནང་ཁུལ་གྱི་སྡེབ་སྒྲིག་ལེགས་འགྱུར་དང་གཉེར་སྐྱོང་དོ་དམ་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་།  ཤེས་ལྡན་མི་སྣར་སྐུལ་མ་གཏོང་བའི་ལམ་སྲོལ་བཙུགས་ནས་གར་བཏང་གོ་ཆོད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་སྐོར་འཁོད་ཡོད།   

    2021ལོའི་ཟླ་8ཚེས་27ཉིན་ཀྲུང་གོའི་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས(CNNIC)ཀྱིས་པེ་ཅིང་དུ《ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་འགྲོ་ཚུལ་གྱི་བསྡོམས་རྩིས་སྙན་ཞུ》ཐེངས་48པ་ཁྱབ་བསྒྲགས་བྱས་ཡོད།  (གཤམ་དུ《སྙན་ཞུ》ཞེས་བསྡུ་རྒྱུ) 《སྙན་ཞུའི》ནང་2021ལོའི་ཟླ་6བར་རང་རྒྱལ་དུ་དྲ་དམངས་གཞི་ཁྱོན་དུང་ཕྱུར་10.11ཟིན་པ་དེ་2020ལོའི་ཟླ་12པ་ལས་ཁྲི་2175འཕར་བ་དང་དྲ་སྦྲེལ་ཁྱབ་ཚད་71.6%ཟིན་ཡོད་པ་དང་།  གསར་འགྱུར་དུད་སྣེ་དང་འབྲེལ་ལམ་སྨྱན་སྦྱོར་སྣ་ཚོགས་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཆ་འཕྲིན་ཤེས་རྟོགས་བྱེད་པའི་ཐབས་ལམ་གཙོ་བོར་གྱུར་ཡོད”ཅེས་བཤད་ཡོད།   སྨྱན་སྦྱོར་གསར་པའི་འཕེལ་རིམ་ཁྲོད་སྨྱན་སྦྱོར་མཉམ་འདྲེས་བྱ་རྒྱུ་དེར་ལས་རིགས་ཁག་གིས་གཙིགས་ཆེར་འཛིན་པ་དང་།  སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་གཏོང་རྒྱུ་དེ་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་ཏུ་གྱུར་ཡོད།   རྩེ་རིམ་ཇུས་འགོད་ཀྱི་མཛུབ་ཁྲིད་འོག་རང་རྒྱལ་གྱི་སྨྱན་སྦྱོར་མཉམ་འདྲེས་ནི་གཞུང་ལུགས་དང་ལག་ལེན་སོགས་ཕྱོགས་གང་སྤྱིའི་ཐད་རྙོག་འཛིང་ཆེ་ལ་གཏིང་ཟབ་ཅན་དུ་གྱུར་ཡོད།  གཞན་ཡང་རྒྱལ་ཡོངས་སུ་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་རྒྱ་ཁྱབ་ངང་བཙུགས་པ་དེའི་ཐོག་ནས་སྨྱན་སྦྱོར་མཉམ་འདྲེས་དེ་ཀྲུང་དབྱང་རིམ་པ་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་ནས་རྫོང་རིམ་པའི་སྨྱན་སྦྱོར་དབར་འབྲེལ་མཐུད་བྱུང་སྟེ།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་གནང་བའི་མཐའ་མའི་སྤྱི་ལེ་གཅིག་དེ་ཤར་བགྲོད་ཐུབ་པ་བྱུང་ཡོད།  

    གཉིས།  བོད་ལྗོངས་ཀྱི་སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་རིམ་བསྡུས་གླེང་། 

    སྨྱན་སྦྱོར་མཉམ་འདྲེས(Media Convergence)ཞེས་པའི་ཐ་སྙད་དེ་1983ལོར་ཨ་རིའི་མཁས་དབང་དབྱི་ཆིར·སུའོ་ལེར·ཕུའར་(Ithiel de Sola Pool)གྱིས་བཏོན་པ་ནས་བཟུང་རིགས་པའི་གཞུང་ལུགས་ཐད་རྩོད་གཞི་ཟམ་མི་ཆད་པ་ཡོད་ཀྱང་ལག་ལེན་ཁྲོད་མདུན་སྐྱོད་ཀྱི་གོམ་སྟབས་གཏན་ནས་འཇོག་མྱོང་མེད།   

    སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ནི་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྨྱན་སྦྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཅིག་གྱུར་དང་བརྟན་ལྷིང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་བཅས་ལ་སྐུལ་འདེད་གཏོང་བའི་དམིགས་བསལ་ལས་འགན་སྒྲུབ་བྱེད་ཀྱི་ལྡོག་མེད་གདམ་ག་ཞིག་ཀྱང་ཡིན།   

    གྲངས་ཉུང་མི་རིགས་ས་ཁུལ་གྱི་སྨྱན་སྦྱོར་ཚན་པ་ཁག་གིས་ཀྱང་ཕྱོགས་སྒྱུར་མཉམ་འདྲེས་ཀྱི་རྫ་དྲག་དོན་དངོས་ལ་ཁ་གཏད་ནས། མཉམ་འདྲེས་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་ཆེན་ཞིག་ཡིན་པ་ཚོར། དཔལ་འབྱོར་དང་སྤྱི་ཚོགས་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བ་དང་བསྟུན།  ཆ་འཕྲིན་ཁྱབ་སྤེལ་གྱི་ཐབས་ལམ་ཡང་ཉིན་བཞིན་སྣེ་མང་ཅན་དུ་འགྱུར་བཞིན་ཡོད། བོད་ཀྱི་གསར་འགྱུར་ཁྱབ་སྤེལ་བྱ་གཞག་སྔར་ཡོད་ཀྱི་རྨང་གཞིའི་ཐོག་ལེགས་སྒྲིག་དང་འཕེལ་འགྱུར་བྱ་དགོས་པའི་གནས་སྐབས་སུ་སླེབས་ཡོད་ལ།  སྤྱི་ཚོགས་ཕྱོགས་སྒྱུར་གྱི་དགོས་མཁོ་དང་མཐུན་ཆེད་སྨྱན་སྦྱོར་གྱི་རྣམ་པ་ཡང་དེ་བས་སྣ་མང་ཕུན་ཚོགས་སུ་བཏང་ཡོད།  2010ལོ་ནས་བཟུང་ཤོག་ཐོག་སྨྱན་སྦྱོར་དང་།  དྲ་རྒྱའི་སྨྱན་སྦྱོར།  སྒུལ་བདེའི་སྨྱན་སྦྱོར་སོགས་སྨྱན་སྦྱོར་གྱི་རིགས་དབྱེ་སྣ་མང་ཅན་དུ་འཕེལ་བ་དང་།  ཇི་ལྟར་བྱས་ནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་བཏང་ནས་གསར་དར་གཙོ་རྒྱུན་སྨྱན་སྦྱོར་ཕྱོགས་ལ་སྒྱུར་རྒྱུ་ནི་གཙོ་རྒྱུན་སྲོལ་རྒྱུན་སྨྱན་སྦྱོར་གྱི་དམིགས་ཚད་དང་འཆར་འགོད་གལ་ཆེན་ཞིག་ཏུ་གྱུར་ཡོད།  བོད་ལྗོངས་ཀྱིས་སྨྱན་སྦྱོར་གསར་པ་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་སྨྱན་སྦྱོར་མཉམ་འདྲེས་ཀྱི་ལམ་བུ་འཚོལ་ཞིབ་དང་སྨྱན་སྦྱོར་མཉམ་འདྲེས་བྱས་ཏེ་ཀུན་འདུས་སྨྱན་སྦྱོར་གྱི་སྟེགས་བུ་སྐྲུན་གང་ཐུབ་བྱེད་བཞིན་ཡོད།  དེ་དང་ཆབས་ཅིག་སྨྱན་སྦྱོར་གསར་པའི་གླེང་ཕྱོགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དྲ་ཐོག་གི་ཆབ་སྲིད་དང་།  བསམ་བློ།  རྩ་འཛུགས་བཅས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་།  ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ།  ཆབ་སྲིད་མཁས་ཅན་གྱིས་དྲ་བ་གཉེར་བའི་རྩ་དོན་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་དྲ་ཐོག་གི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་འགན་ལེན་དང་།  དོ་དམ་གྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད།  དོ་དམ་ཚོད་འཛིན་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་དྲ་ཐོག་གླེང་ཕྱོགས་ཀྱི་གཙོ་ཁྲིད་དབང་ཆ་འཛིན་རྒྱུ་ནི་བོད་ཀྱི་སྨྱན་སྦྱོར་གསར་པའི་འཛུགས་སྐྱོང་བྱེད་ཕྱོགས་ཤིག་ཡིན།   

    རྒྱལ་ཡོངས་ཀྱི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁོར་ཡུག་ཆེན་པོའི་འོག་བོད་ཀྱི་སྲོལ་རྒྱུན་སྨྱན་སྦྱོར་གྱིས་དུས་ཡུན་ཐུང་ངུའི་ནང་ནང་སའི་རྗེས་སྙེག་ཐུབ་མེད་ཀྱང་། 2015ལོ་ནས་བཟུང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་།  བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས།  བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་གཙོ་བོ་བྱས་པའི་སྨྱན་སྦྱོར་ཁག་གིས་སྒྱུར་བཅོས་ཧུར་ཐག་བྱས་ནས་འདུ་ཤེས་དང་།  སྒྲིག་གཞི།  ནང་དོན།  ལམ་སྲོལ་སོགས་ཀྱི་ཐད་ནས་རང་འགུལ་ངང་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་པ་དང་།  སྨྱན་སྦྱོར་གསར་པའི་གསར་འགྱུར་ཆ་འཕྲིན་གྱི་བརྒྱུད་བསྒྲགས་སྟེགས་བུ་ཐོག་མར་བཙུགས་ཐུབ་པ་བྱུང་། ལག་རྩལ་གསར་པར་བརྟེན་ནས་སྨྱན་སྦྱོར་གྱི་དུས་བབ་གསར་པ་བསྐྲུན་རྒྱུའི་ཐད་2018ལོར་གཞི་ནས་གྲུབ་འབྲས་ཏོག་ཙམ་མངོན་པར་གསལ།   

    2009ལོའི་ཟླ་12ཚེས་22ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་པའི་བོད་ཀྱི་རིག་གནས་ཐོན་ལས་དང་སྨྱན་སྦྱོར་འཕེལ་རྒྱས་གླེང་སྟེགས། 《བོད་ལྗོངས་ཚོང་འཕྲིན་ཚགས་པར》གསར་འདོན་བྱས་ནས་ལོ་བཅུ་འཁོར་བའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག་སྨྱན་སྦྱོར་མཉམ་འདྲེས་དང་བོད་ཀྱི་སྨྱན་སྦྱོར་ཐོན་ལས་འཐབ་ཇུས་ཕྱོགས་སྒྱུར་བྱ་རྒྱུ་དེ་ཐེངས་དེའི་བགྲོ་གླེང་གི་བརྗོད་གཞིར་བཞག་ཡོད། དེ་ནས་བཟུང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཕྱོགས་སྒྱུར་བྱེད་འགོ་ཚུགས་ལ།  བོད་ཀྱི་གསར་འགྱུར་ཁྱབ་སྤེལ་གྱི་བྱ་གཞག་འཕེལ་རྒྱས་གཏོང་བར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་དགོས་ལ། ནང་སའི་སྨྱན་སྦྱོར་ཚན་པ་ཁག་དང་མཉམ་ལས་སྤེལ་རེས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་ཞེས་བླང་བྱ་བཏོན་ཡོད། 

    2015ལོར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་སྐད་འཕྲིན་སྤྱི་སྟེགས“最心灵”དངོས་སུ་སྤྱོད་འགོ་ཚུགས་པ་དང་། ཐེབས་སྣོན་ཚད་དུང་ཕྱུར་ལས་བརྒལ་བའི་གླུ་གཞས“སྙིང་སྡུག་ལགས”ཞེས་པ་དེ་བརྒྱུད་ནས་བོད་ཀྱི་བརྙན་འཕྲིན་ཁོངས་གཏོགས་ཀྱི་སྨྱན་སྦྱོར་མཉམ་འདྲེས་ཀྱི་འགོ་བརྩམས།  བོད་ཀྱི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཕལ་མོ་ཆེས་རྒྱ་སྐད་མི་ཤེས་པའི་དོན་དངོས་དང་བསྟུན་ནས་ལོ་དེའི་ཟླ་9པར་བོད་སྐད་ཡིག་གི་སྐད་འཕྲིན་སྤྱི་སྟེགས“阳光西藏”ཞེས་པ་སྤྱོད་འགོ་ཚུགས། དེ་གཉིས་ཀར་བོད་ཡིག་ཏུ“སེམས་ཀྱི་ཞིང་ཁམས”དུ་འབོད།  ཟླ་11པར“ནོར་ནོར་བརྙན་འཕྲིན(牦牦TV)”གྱི་དྲ་ཚིགས་དང་“@བོད་ལྗོངས(@西藏)”APPབཅས་གཉེར་སྐྱོང་བྱེད་འགོ་ཚུགས།   བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་གཉིས་ཟླ་སྒྲིལ་བཏང་རྗེས་2019ལོའི་ལོ་འགོར“最心灵”ཞེས་པ་དེ“西藏卫视+”ཞེས་པར་མིང་བསྒྱུར།   2019ལོའི་ཟླ་9པར་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཁྱུག་དབྱིངས་དངོས་སུ་སྤྱོད་འགོ་ཚུགས་པ་རེད།  མཉམ་འདྲེས་སྨྱན་སྦྱོར་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིནལས་ཁུངས(2018ལོར་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་།  བོད་ལྗོངས་བརྙན་འཕྲིན་ལས་ཁུངས་གཉིས་ཟླ་སྒྲིལ་བཏང་བ)ཀྱིས་2019ལོའི་ཟླ་12ཚེས་16ཉིན《བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་མཉམ་འདྲེས་སྨྱན་སྦྱོར་གྱི་དོན་ཚན་བཅུ(ཚོད་ལྟ་ལག་བསྟར)》པར་འགྲེམས་བྱས་པ་དང་།   བོད་ལྗོངས་འཕྲིན་དྲའི་APPདང་བོད་ལྗོངས་བརྙན་འཕྲིན།+(西藏卫视+)  སེམས་ཀྱི་ཞིང་ཁམས།(阳光西藏)བཅས་བརྙན་འཕྲིན་ལས་ཁུངས་ཀྱི་མཉམ་འདྲེས་སྨྱན་སྦྱོར་ཡོངས་བསྒྲགས་ལས་སྟེགས་སུ་གཏན་འཁེལ་བྱས། “བོད་ལྗོངས་རླུང་འཕྲིན(听西藏)”དང་། “སེམས་ཀྱི་ཞིང་ཁམས(阳光西藏)”“ཡིད་འོང་བོད་ལྗོངས(非常西藏)”“ས་མཐོའི་སྙན་དབྱངས(声动高原)”“ཇོ་རིའི་བརྙན་ཐུང་(珠峰视频)”“ཐེན་ཧྥུ་སྲང་ལམ་གཉིས་པ(天府二街)”“དགུ་པའི་གསར་འགྱུར(今晚九点)”“ལོ་གསར་མཚན་ཚོགས་ཀྱི་འགྲན་བསྡུར་དོ་ར(直通藏晚)”སོགས་ལས་དོན་ཁང་8བཙུགས་ཡོད་པ་རེད། ལས་སྟེགས་གསུམ་དང་ལས་དོན་ཁང་བརྒྱད་བཙུགས་པ་ནས་བཟུང་བརྙན་འཕྲིན་ཁང་དང་། དྲ་བ། དུད་སྣེ།  འཕྲིན་སྟེགས། ཁྱུག་དབྱིངས་བཅས་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པའི་དབར་ནུས་ལྡན་ངང་སྡེབ་སྒྲིག་བྱས་ནས་རང་སོ་སོའི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱས་ཡོད།  ལྷག་པར་དུ་2022ལོར་གསར་དུ་གཏོད་པའི་ཇོ་རིའི་སྤྲིན་སྟེགས་(珠峰云)དུད་སྣེས་ནུས་པ་བསྡུ་སྒྲིལ། ནུས་ཤུགས་མཉམ་འདོན་གྱིས་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་མང་ཚོགས་ཀྱི་འཚོ་བའི་དགོས་མཁོར་དམིགས་ནས་ཕྱོགས་ཡོངས་དང་། ནང་དོན་ཟབ་པ།  ཟུར་ཚད་རྒྱ་ཆེ་བ་བཅས་གསར་གཏོད་རང་བཞིན་གྱི་མཉམ་འདྲེས་སྨྱན་སྦྱོར་ཐོན་རྫས་ཇུས་འགོད་བཅས་བྱས་པར་བརྒྱུད་བསྒྲགས་ཀྱི་ནུས་པ་བཟང་པོ་ཐོན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་ལྟར་བོད་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱིས་སྨྱན་སྦྱོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་རང་ངོས་ཀྱི་ས་ཁོངས་ཁྱད་ཆོས་ལ་དམིགས་ཏེ་དར་ཆ་སྒྲེང་བ་དང་།  དམངས་སེམས་སྒྲིལ་བ།  མི་གསར་སྐྱོང་བ།  རིག་གནས་དར་སྤེལ།  གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་འཁུར་བ་དང་ལྷག་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བཙུགས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་འགན་འཁྲི་འཁུར་མུས་ཡིན།  

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།