འཛམ་བུ་གླིང་གི་འཚེམ་དྲུབ་ཐང་ག་ཆེ་ཤོས་དེ་འདིར་འདུག མཇལ་ཨེ་མྱོང་།
དེ་ཡང་། 2013ལོར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་ཕྱི་མ་ཁ་གྲོང་ཚོའི་རི་ལྡེབས་སུ་བསང་དུད་ལྷོག་ལྷོག་ཏུ་འཕྱུར་བ་དང་བསྟུན་ནས། གོས་ཐང་ཆེན་པོ་ཞིག་རི་ལྡེབས་སུ་དལ་བུར་བཀྲམ་པས་མི་རྣམས་ཀྱིས་དགའ་འབོད་བྱེད་བཞིན་ཡོད། ད་འོ་ན་དེར་ཅི་ཞིག་ལས་བཞིན་ཡོད་ཅེ་ན། དེར་འབྲི་གུང་བཀའ་རྒྱུད་ཀྱི་འཚེམ་དྲུབ་ཞལ་ཐང་ཆེ་མོ་བཞེངས་ཚར་བའི་རྟེན་འབྲེལ་གྱི་ཆོ་ག་སྒྲུབ་བཞིན་ཡོད།
འཚེམ་དྲུབ་ཞལ་ཐང་ཆེ་མོ་དེའི་མཐོ་ཚད་ལ་སྨི་120ཡོད་པ་དང་། ཞེང་ཚད་ལ་སྨི་85ཡོད་པ། སྐུ་འདྲ་19དང་སྲོག་ཆགས་དང་གཅན་གཟན་12ཀྱི་གཟུགས་བརྙན་བཀོད་ཡོད་པ་མ་ཟད། རྟེན་གཙོའི་ཕྱག་གི་རིང་ཚད་ཁོ་ནར་སྨི་2ཡོད་པ་དང་། སྐུ་འདྲ་ཡོངས་ཀྱི་མཐོ་ཚད་ལ་ཐོག་སོ་གཅིག་ཙམ་གྱི་སྐུ་ཚད་ལྡན་ལ། ཞལ་ཐང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་10200ཡོད་པས། སྐབས་དེ་དུས་ཀྱི་འཛམ་གླིང་ཟིན་འགོད་མཐུན་ཚོགས་ཀྱི་མཐོ་རིམ་དཔང་འཛིན་པ་སྐུ་ཞབས་ཞིས་ཚའོ་ཡིས་གཟི་བརྗིད་ལྡན་པའི་སྒོ་ནས། ཞལ་ཐང་འདིས་འཛམ་བུ་གླིང་གི་ཞལ་ཐང་ཆེ་ཤོས་སམ་ཅི་ཉི་སི་ཡི་ཟིན་ཐོ་བཏོད་པའི་ཁྱབ་བསྒྲགས་བྱས་འདུག
ཞོར་དུ་ཞུ་རྒྱུར། ཐང་ཁ་ཆེན་པོ་དེ་འདྲ་ཞིག་ལ་དེ་མཐུན་གྱི་བཞེངས་ཡུལ་དགོས་སྟབས། སྒོར་ཁྲི་20བཏང་ནས་བཟོ་ཁང་ཆེད་དུ་སྐྲུན་དགོས་བྱུང་བ་དང་། དར་གོས་སོགས་རྒྱུ་ཆ་རྩེ་གྲ་ཤ་སྟག་སྤྱད་ཅིང་། མིག་དམར་ཚེ་རིང་དང་ཁོང་གི་དགེ་ཕྲུག་9ཡིས་བགྲང་བྱ་ཧྲིལ་པོ་9ཡི་རིང་འབད་འཐབ་ལྷོད་མེད་བྱེད་དགོས་བྱུང་བས། ཞལ་ཐང་བཞེངས་ཚར་སྐབས་མིག་དམར་ཚེ་རིང་ལ་བུ་ལོན་སྒོར་ཁྲི་100ཙམ་ཟུག་ཡོད་པ་རེད། མི་ཁག་གཅིག་གིས་ཞལ་ཐང་དེར་སྒོར་ཁྲི་ཆིག་སྟོང་ཡན་རི་བའི་ཚོད་དཔག་བྱས་ཀྱང་བྱས་ལ། དོན་དུའང་ཚོད་དཔག་བྱས་པ་ནོར་མེད་མོད། ཞལ་ཐང་དེའི་འདུ་བྱེད་པ་མིག་དམར་ཚེ་རིང་གིས་འདམ་གཞུང་རྫོང་ཡངས་པ་ཅན་དགོན་པར་འགྱུར་རྟེན་དང་གན་རྒྱ་གང་ཡང་མེད་པའི་གནས་ཚུལ་འོག ཐོག་མའི་ཁ་ཆད་ལྟར་སྒོར་ཁྲི་24ལས་མ་བླངས་པར་ཕུལ་འདུག