གསར་འགྱུར་རྩོམ་སྒྱུར་གྱི་དོན་དང་ཐབས་དེ་བཞིན་བརྒྱུད་རིམ་བཅས་ཅུང་ཟད་གླེང་བ།
ནང་དོན་གནད་བསྡུས།
རྩོམ་ཡིག་ནང་གསར་འགྱུར་རྩོམ་སྒྱུར་གྱི་གོ་དོན་དང་ཐབས་ཤེས་དེ་བཞིན་བརྒྱུད་རིམ་བཅས་ཅུང་ཟད་གླེང་ཡོད། གསར་འགྱུར་རྩོམ་སྒྱུར་ཟེར་བ་ནི་སྐད་དང་རིག་གནས་ཐ་དད་པའི་གསར་འགྱུར་གྱི་ནང་དོན་དེ་སྐད་ཡིག་གཞན་ཞིག་ནས་མཚོན་པར་བྱེད་པའི་རྩོལ་བ་ལ་ཟེར། དེར་ཆ་འཕྲིན་གདམ་གསེས་དང་། སྐད་ཡིག་ལོ་ཙཱ། རིག་གནས་གོམས་འདྲིས་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། རྩོམ་ཡིག་ནང་ཐད་སྒྱུར་དང་དོན་སྒྱུར་དང་། རྩོམ་སྒྱུར་དང་བསྐྱར་འབྲི། གནད་བསྡུས་དང་ཕྱོགས་བསྡུས་སོགས་རྩོམ་སྒྱུར་བྱེད་ཐབས་གཙོ་བོར་དབྱེ་ཞིབ་བྱས་ཡོད་པ་མ་ཟད། མ་ཡིག་འདེམ་སྟངས་དང་མ་ཡིག་ལ་དབྱེ་ཞིབ་བྱེད་སྟངས། ཆ་འཕྲིན་གདམ་གསེས་དང་ཆ་འཕྲིན་བསྐྱར་སྒྲིག སྒྱུར་སྟངས་དང་མཚོན་སྟངས། ཞུ་དག་དང་འཐུས་ཚང་བཅས་གསར་འགྱུར་རྩོམ་སྒྱུར་གྱི་གོ་རིམ་གནད་ཅན་བཞི་ལ་རྒྱས་བཤད་ཞིབ་ཕྲ་བྱས་ཡོད། མ་གཞི་གསར་འགྱུར་གྱི་ཆ་འཕྲིན་ཞིག་སྐད་དང་རིག་གནས་ཐ་དད་ཀྱི་ཁོར་ཡུག་ཅིག་ཏུ་ངོ་སྤྲོད་དང་། ཁྱབ་གདལ། གཏོང་སྤེལ་བཅས་བྱེད་སྐབས། གསར་འགྱུར་རྩོམ་སྒྱུར་གྱིས་ནུས་པ་གལ་ཆེན་བཏོན་དང་འདོན་བཞིན་ཡོད་མོད། འོན་ཀྱང་གནད་འཕིགས་རང་བཞིན་དང་། སྐབས་ཐོག་རང་བཞིན། རིག་གནས་ཐ་དད་རང་བཞིན་བཅས་ཀྱི་འགྲན་སློང་ཡང་འཕྲད་ཀྱི་ཡོད། དེས་ན་འབྱུང་འགྱུར་གསར་འགྱུར་རྩོམ་སྒྱུར་གྱིས་ལག་རྩལ་གསར་པ་བེད་སྤྱོད་དང་རིག་གནས་ཀྱི་ཁྱད་པར་ལ་སྔར་བས་མཐོང་ཆེན་བྱེད་དགོས་ཚུལ་བཏོན་ཡོད།
བརྡ་ཆད་གཙོ་བོ། གསར་འགྱུར་རྩོམ་སྒྱུར། རིག་གནས་ཐ་དད་པའི་ཁྱབ་སྤེལ། སྐད་ཡིག་བརྗེ་སྒྱུར། ཆ་འཕྲིན་བསྐྱར་སྒྲིག རྩོམ་སྒྱུར་བྱེད་ཐབས།
གླེང་གཞི།
ཆ་འཕྲིན་གྱི་དུས་རབས་སུ། གསར་འགྱུར་གྱི་ཆ་འཕྲིན་དེ་སྐད་དང་རིག་གནས་ཀྱི་ཚད་བཀག་ལས་བརྒལ་ནས་ཁྱབ་སྤེལ་བྱ་རྒྱུ་དེ་ཉིན་བཞིན་གལ་འགངས་ཆེ་རུ་སོང་ཡོད། གསར་འགྱུར་རྩོམ་སྒྱུར་ནི་སྐད་ཡིག་བརྗེ་སྒྱུར་གྱི་བྱ་བ་དམིགས་བསལ་ཞིག་ལགས་པས། སྐད་དང་། ཡི་གེ རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་འོག་གི་ཆ་འཕྲིན་སྤེལ་རེས་ལ་ནུས་པ་གནད་ཆེ་འདོན་བཞིན་ཡོད། རྩོམ་ཡིག་ནང་གསར་འགྱུར་རྩོམ་སྒྱུར་གྱི་གོ་དོན་དང་ཐབས་ལམ་གཙོ་བ། ལག་ལེན་གྱི་བརྒྱུད་རིམ་བཅས་ཅུང་ཟད་བརྗོད་དེ་གསར་འགྱུར་རྩོམ་སྒྱུར་གྱི་ལག་ལེན་ལ་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་དཔྱད་གཞིའི་ཐབས་ལམ་ཡོང་རེ་བྱས་ཡོད། གསར་འགྱུར་རྩོམ་སྒྱུར་ལ་ཞིབ་འཇུག་བྱས་ན་གསར་འགྱུར་ཁྱབ་སྤེལ་གྱི་ཕན་འབྲས་ཆེ་རུ་གཏོང་བར་ཕན་ཐོགས་ཡོད་པ་མ་ཟད། རིག་གནས་ཐ་དད་གཉིས་ཀྱི་སྐྱེ་བོ་རྣམས་ཕན་ཚུན་གོམས་འདྲིས་ཡོང་བར་སྐུལ་འདེད་གཏོང་ཐུབ།
དང་པོ། གསར་འགྱུར་རྩོམ་སྒྱུར་གྱི་གོ་དོན་བཤད་པ།
གསར་འགྱུར་རྩོམ་སྒྱུར་ཞེས་པ་ནི་གཅིག་ནས་སྐད་རིགས་ཤིག་གི་གསར་འགྱུར་གྱི་ནང་དོན་དེ་སྐད་རིགས་གཞན་ཞིག་ཏུ་བསྒྱུར་བའི་རྩོལ་བ་དང་། གཉིས་ནས་སྒྱུར་བྱེད་ཀློག་པ་པོའི་རིག་གནས་རྒྱབ་ལྗོངས་དང་ལྟ་ཀློག་གོམས་གཤིས་ལ་གཞིགས་ནས་འགྱུར་ལྡོག་དང་བསྐྱར་འབྲི་སྟེ་རྩོམ་སྒྲིག་འོས་འཚམ་བྱེད་པ་དེ་ལ་གསར་འགྱུར་རྩོམ་སྒྱུར་ཞེས་ཟེར། དེ་ནི་སྤྱིར་བཏང་གི་ལོ་ཙཱ་དང་གཏན་ནས་མི་འདྲ་སྟེ། རྩོམ་སྒྱུར་ལ་སྐད་ཡིག་བརྗེ་སྒྱུར་བྱེད་དགོས་པ་མ་ཟད། ད་དུང་ཆ་འཕྲིན་གདམ་གསེས་དང་། བསྐྱར་སྒྲིག བསྐྱར་མཚོན་བཅས་ཀྱང་བྱེད་དགོས་པ་ཡིན། གསར་འགྱུར་རྩོམ་སྒྱུར་ལ་ཁྱད་ཆོས་གཙོ་བོ་གསུམ་ལྡན་པ་སྟེ། དང་པོ་གསར་འགྱུར་རྩོམ་སྒྱུར་ནི་གདམ་གསེས་བྱེད་ཆོག་པའི་ཆ་འཕྲིན་བརྗེ་སྒྱུར་གྱི་བྱེད་སྒོ་ཞིག་ཡིན་པས། རྩོམ་སྒྱུར་མཁན་གྱིས་སྒྱུར་བྱེད་ཀློག་པ་པོའི་དགོས་མཁོར་གཞིགས་ནས་ཆེས་གལ་འགངས་ཆེ་བའི་ཆ་འཕྲིན་འདེམས་ཆོག གཉིས་པ་གསར་འགྱུར་རྩོམ་སྒྱུར་ཟིན་རྗེས་ཀྱི་གསར་འགྱུར་དེ་སྒྱུར་བྱེད་སྐད་ཆའི་བརྡ་སྤྲོད་གོམས་གཤིས་ལ་བསྟུན་པ་ཞིག་ཡིན་དགོས། གསུམ་པ་གསར་འགྱུར་རྩོམ་སྒྱུར་ལ་རིག་གནས་ཀྱི་ཁྱད་པར་ལ་མཐོང་ཆེན་བྱེད་དགོས་པས། མ་ཡིག་ཁྲོད་ཀྱི་རིག་གནས་ཀྱི་དམིགས་བསལ་ནང་དོན་དེ་བུ་ཡིག་ཏུ་འགྱུར་ལྡོག་འོས་འཚམ་གཏོང་དགོས།
རིག་གནས་ཐ་དད་ཀྱི་ཁྱབ་སྤེལ་ནས་བལྟས་ན། གསར་འགྱུར་རྩོམ་སྒྱུར་ནི་སྐད་ཡིག་དང་རིག་གནས་མི་འདྲ་བའི་ཚོགས་པའི་འབྲེལ་ཟམ་གལ་ཆེན་ཞིག་རེད། གསར་འགྱུར་རྩོམ་སྒྱུར་གྱིས་སྐད་ཆའི་འགོག་རྐྱེན་སེལ་དགོས་པ་མ་ཟད། རིག་གནས་ཀྱི་ཁྱད་པར་ལས་བྱུང་བའི་གོ་བརྡ་མི་འཕྲོད་པའི་དཀའ་ངལ་ཡང་ཐག་གཅོད་བྱེད་དགོས་ཀྱི་ཡོད། ཆ་འཕྲིན་ཅན་གྱི་དུས་རབས་འོག གསར་འགྱུར་རྩོམ་སྒྱུར་གྱི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་དང་། དེས་མི་རྣམས་ལ་འཛམ་གླིང་ས་གནས་ཁག་ཏུ་ཐོན་པའི་གསར་འགྱུར་ཤེས་རྟོགས་བདེ་བླག་ཏུ་ཐུབ་པར་སྟབས་བདེ་བསྐྲུན་པ་མ་ཟད། རིག་གནས་མི་འདྲ་བའི་དབར་ཕན་ཚུན་རྒྱུས་ལོན་དང་འབྲེལ་འདྲིས་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་བཞིན་ཡོད། གཞན་ཡང་གསར་འགྱུར་རྩོམ་སྒྱུར་ནི་བསྐྱར་རྩོམ་གྱི་བརྒྱུད་རིམ་ཞིག་ཡིན་པས། རྩོམ་སྒྱུར་མཁན་གྱིས་དོན་དངོས་ལ་བརྩི་འཇོག་ཡོད་པའི་རྨང་གཞིའི་ཐོག སྒྱུར་བྱེད་ཀློག་པ་པོའི་ཁྱད་ཆོས་ལ་གཞིགས་ནས་གསར་འགྱུར་ལ་འགྱུར་ལྡོག་དང་ལེགས་སྒྲིག་བྱེད་ཆོག
གཉིས་པ། གསར་འགྱུར་རྩོམ་སྒྱུར་གྱི་ཐབས་གཙོ་བོ།
གསར་འགྱུར་རྩོམ་སྒྱུར་ལ་ཐབས་ཤེས་མང་པོ་ཡོད་ཅིང་། གནས་ཚུལ་དང་དམིགས་ཡུལ་མི་འདྲ་བར་གཞིགས་ནས་གང་ལ་དེ་འཚམ་གྱི་ཐབས་ཤེས་རེ་སྤྱོད་ཆོག དེའང་ཐད་སྒྱུར་དང་དོན་སྒྱུར་ནི་ཆེས་གཞི་རྩར་གྱུར་པའི་རྩོམ་སྒྱུར་གྱི་ཐབས་ཤེས་ཤིག་ཡིན་ཞིང་། ཐད་སྒྱུར་གྱིས་སྐད་ཆའི་རྣམ་པ་དང་སྒྲིག་གཞི་མ་ཡིག་ཏུ་ཇི་ལྟར་ཡོད་པ་བུ་ཡིག་ཏུ་དེ་ལྟར་གནས་ཐབས་བྱེད་ཅིང་། དོན་སྒྱུར་གྱིས་མ་ཡིག་གི་ནང་དོན་དང་སྙིང་པོ་མཚོན་ཐབས་ལ་དེ་བས་མཐོང་ཆེན་བྱེད། དེས་ན་དོན་དངོས་ཀྱི་ལག་ལེན་དུ་རྩོམ་སྒྱུར་མཁན་གྱིས་གནས་ཚུལ་དངོས་ལ་གཞི་བཅོལ་ནས་སྒྱུར་ཐབས་འདི་གཉིས་པོ་སྤྱོད་མཁས་པོ་བྱེད་དགོས་ཤིང་། གསར་འགྱུར་གྱི་གནད་འཕིགས་རང་བཞིན་རྒྱུན་འཁྱོངས་པའི་རྨང་གཞིའི་ཐོག འགྱུར་ཡིག་ངག་ལ་བདེ་བ་ཞིག་གམ་བུ་ཡིག་ཀློག་པ་པོའི་བརྡ་སྤྲོད་ཀྱི་གོམས་གཤིས་ལ་བསྟུན་པ་ཞིག་ཡོང་བར་འབད་དགོས།
གཞན་ཡང་། རྩོམ་སྒྱུར་དང་བསྐྱར་འབྲི་ནི་ཐབས་ཤེས་གལ་ཆེན་གཞན་ཞིག་སྟེ། རྩོམ་སྒྱུར་ནི་འགྱུར་མའི་རྨང་གཞིའི་སྟེང་ནང་དོན་ལ་ལེགས་སྒྲིག་དང་རྩོམ་སྒྲིག་འོས་འཚམ་བྱེད་པ་ལ་ཟེར་བ་དང་། བསྐྱར་འབྲི་ནི་འགྱུར་མའི་བརྗོད་བྱའི་སྔ་ཕྱིའི་གོ་རིམ་ལ་འགྱུར་ལྡོག་གཏོང་བ་དང་ནང་དོན་ལ་འཕྲི་སྣོན་བྱེད་པ་སོགས་ཚུད་པའི་འགྱུར་ལྡོག་སྔར་ལས་ཆེ་བ་བཏང་བ་ལ་ཟེར། ཐབས་ཤེས་དེ་རིགས་ནི་རིག་གནས་ཀྱི་ཁྱད་པར་ཅུང་ཟད་ཆེ་བའི་སྐབས་དང་། མ་ཡིག་གི་མཚོན་སྟངས་དེ་རིགས་བུ་ཡིག་ཏུ་ཐད་ཀར་བསྒྱུར་ན་ཕན་པ་དེ་ཙམ་མེད་པའི་སྐབས་སུ་སྤྱད་ན་ཤིན་ཏུ་འཚམས། དེ་མིན་གནད་བསྡུས་དང་ཕྱོགས་བསྡུས་ཀྱི་བྱེད་ཐབས་ནི་གཙོ་བོ་ཆ་འཕྲིན་ཁུ་བསྡུ་བྱེད་སྐབས་སྤྱོད་ཅིང་། རྒྱུན་དུ་རྒྱས་འཕྲིན་དང་ཡང་ན་འབྲེལ་ཡོད་གསར་འགྱུར་མང་པོ་ཞིག་མཉམ་དུ་ཐོན་སྐབས་སྤྱོད་པར་བྱེད། དེའང་རྩོམ་སྒྱུར་མཁན་གྱིས་གནད་འགག་ཆེ་བའི་ཆ་འཕྲིན་ཟུར་དུ་བཏོན་ཐོག དེ་དག་མུ་ཏིག་སྟར་ལ་བརྒྱུས་པ་ཇི་བཞིན་སྒྱུར་བྱེད་ཀློག་པ་པོའི་བརྡ་སྤྲོད་ཀྱི་གོམས་གཤིས་དང་མཐུན་པར་བཅོས་དགོས་པ་ཡིན།
གསུམ་པ། གསར་འགྱུར་རྩོམ་སྒྱུར་གྱི་བརྒྱུད་རིམ།
གསར་འགྱུར་རྩོམ་སྒྱུར་ནི་གོ་རིམ་དང་ལྡན་པའི་བྱ་བ་ཞིག་རེད། དེར་གཙོ་བོ་གོ་རིམ་བཞི་ཡོད་དེ། གོ་རིམ་དང་པོ་ནི་མ་ཡིག་གདམ་གསེས་དང་མ་ཡིག་ལ་དབྱེ་ཞིབ་བྱ་རྒྱུ་དེའོ།། རྩོམ་སྒྱུར་མཁན་གྱིས་རང་རེའི་སྨྱན་སྦྱོར་གྱི་ངེས་གནས་སམ་ངོ་བོ་དང་སྒྱུར་བྱེད་ཀློག་པ་པོའི་དགོས་མཁོར་གཞིགས་ནས་གསར་འགྱུར་འདེམས་དགོས་པ་མ་ཟད། མ་ཡིག་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་དེའི་ནང་དོན་གཙོ་བོ་དང་རྩོམ་འབྲིའི་དམིགས་ཡུལ་རྟོགས་པར་བྱེད་དགོས། གོ་རིམ་འདིས་གཞུག་གི་རྩོམ་སྒྱུར་ལ་རྨང་གཞི་བཏིང་གི་ཡོད་པས་ཧ་ཅང་གལ་ཆེ་བ་ཞིག་རེད།
གོ་རིམ་གཉིས་པ་ནི་ཆ་འཕྲིན་གདམ་གསེས་དང་ ཆ་འཕྲིན་བསྐྱར་སྒྲིག་ཡིན། རྩོམ་སྒྱུར་མཁན་གྱིས་སྒྱུར་བྱེད་ཀློག་པ་པོར་རིན་ཐང་ཆེ་ཤོས་ཡོད་པའི་ཆ་འཕྲིན་བདམས་ཏེ། ཆ་འཕྲིན་གྱི་གལ་ཆེ་ཆུང་ལ་གཞིགས་ནས་སྔ་ཕྱིའི་གོ་རིམ་བསྐྱར་དུ་སྒྲིག་དགོས་པ་མ་ཟད། སྐབས་འགར་མ་ཡིག་གི་སྒྲིག་གཞིར་ལེགས་སྒྲིག་བྱས་ནས་སྒྱུར་བྱེད་ཀློག་པ་པོའི་དཔེ་ཀློག་གི་གོམས་གཤིས་དང་དེ་བས་འཚམ་པར་བཅོས་དགོས།
གོ་རིམ་གསུམ་པ་ནི་སྐད་ཡིག་ལོ་ཙཱ་དང་བརྡ་སྤྲོད་རེད། གོ་རིམ་འདིའི་ནང་། གོང་དུ་བདམས་པའི་ཆ་འཕྲིན་དེ་རྩོམ་སྒྱུར་མཁན་གྱིས་སྒྱུར་བྱེད་སྐད་ཡིག་ཏུ་ཡང་བསྐྱར་མཚོན་པར་བྱེད་ཀྱི་ཡོད་གཤིས། ཐ་སྙད་བེད་སྤྱོད་གནད་ལ་འཁེལ་པོ་བྱེད་དགོས་པ་མ་ཟད་ད་དུང་རིག་གནས་ཀྱི་དམིགས་བསལ་ནང་དོན་ཡོད་པའི་ཐ་སྙད་དེ་དག་སྒྱུར་སྐབས་གཟབ་ནན་དང་དོ་སྣང་ཆེན་པོ་བྱེད་དགོས།
གོ་རིམ་བཞི་པ་ནི་ཞུ་དག་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་རེད། འགྱུར་གྱིས་མ་ཡིག་གི་ནང་དོན་ཡང་དག་གནད་ལ་འཁེལ་པོས་ཕབ་སྒྱུར་བྱས་ཡོད་མེད་དང་། སྒྱུར་བྱེད་སྐད་དུ་གར་བདེ་མིན། རྗོད་བྱེད་ཚིག་གི་འཇུག་པ་སྨྱན་སྦྱོར་གྱི་ཁྱད་གཤིས་དང་བླང་བྱ་དང་མཐུན་མིན་བཅས་ལ་རྩོམ་སྒྱུར་མཁན་གྱིས་ཞིབ་བཤེར་བྱེད་དགོས། གཞན་ཡང་ད་དུང་དོན་དངོས་དང་གྲངས་གཞིར་ནོར་འཁྲུལ་བྱུང་མིན་བལྟས་ནས་རྩོམ་སྒྱུར་བྱས་པའི་གསར་འགྱུར་གང་དེ་ཡང་དག་འཁྲུལ་མེད་ཅིག་ཡོང་བར་བྱེད་དགོས། བརྒྱུད་རིམ་འདིར་མཚོན་ན། རང་ཉིད་ཀྱི་བློ་ལ་བབས་པའི་འགྱུར་ཡིག་ཅིག་མ་ཐོན་པའི་བར་དུ་ལས་རིམ་འདི་ག་བསྐྱར་ཟློས་ཐེངས་མང་བྱེད་དགོས་ཀྱི་ཡོད།
བཞི་པ། གསར་འགྱུར་རྩོམ་སྒྱུར་གྱི་འགྲན་སློང་དང་ཐབས་ཇུས།
གསར་འགྱུར་རྩོམ་སྒྱུར་ལ་ཕྱོགས་མང་པོ་ནས་འགྲན་སློང་འཕྲད་ཡོད། དེའང་འགྲན་སློང་དང་པོ་ནི་ཡང་དག་འཁྲུལ་མེད་དང་སྐབས་ཐོག་དུས་ཐོག་གཉིས་ཀྱི་འབྲེལ་བ་ཐག་གཅོད་བྱ་རྒྱུ་དེ་རེད། གསར་འགྱུར་རྩོམ་སྒྱུར་བྱེད་སྐབས་འབྲེལ་ཡོད་ཆ་འཕྲིན་རྣམས་ཡང་དག་འཁྲུལ་མེད་ངང་སྒྱུར་ཐུབ་པར་བྱེད་དགོས་ལ། གསར་འགྱུར་གང་དེ་མགྱོགས་ལ་མྱུར་བའི་སྒོ་ནས་སྒྱུར་བྱེད་ཀློག་པ་པོས་ལྟ་ཀློག་ཐུབ་པར་བྱེད་དགོས་སྟབས། རྩོམ་སྒྱུར་མཁན་གྱིས་ཚད་ཡོད་ཀྱི་དུས་ཚོད་ནང་སྤུས་ཚད་མཐོན་པོས་རྩོམ་སྒྱུར་ལས་ཀ་ལེགས་སྒྲུབ་བྱེད་དགོས། འགྲན་སློང་གཞན་ཞིག་ནི་རིག་གནས་ཀྱི་ཁྱད་པར་ལས་བྱུང་བའི་གོ་བརྡ་འཕྲོད་དཀའ་བའི་ངལ་བ་དེ་རེད། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་ཀློག་པ་པོས་གསར་འགྱུར་གཅིག་ལ་གོ་བ་ལེན་སྟངས་རྦད་དེ་མི་འདྲ་བ་རེ་འབྱུང་སྲིད་པས། རྩོམ་སྒྱུར་མཁན་གྱིས་རིག་གནས་གཉིས་པོར་རྒྱུས་ལོན་གང་ལེགས་ཐུབ་ཚེ་གཞི་ནས་རིག་གནས་ཀྱི་ཁྱད་པར་ལས་བྱུང་བའི་འགོག་རྐྱེན་དག་བདེ་བླག་ངང་སེལ་ཐུབ།
འགྲན་སློང་དེ་དག་ལ་དམིགས་ཏེ་གཤམ་གསལ་གྱི་ཐབས་ཇུས་སྤྱད་ཆོག་པ་སྟེ། ཆེད་ལས་ཀྱི་རྩོམ་སྒྱུར་ཚོགས་པ་བཙུགས་ནས་རྩོམ་སྒྱུར་མི་སྣའི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ་དང་། ཚད་ལྡན་ཅན་གྱི་རྩོམ་སྒྱུར་བརྒྱུད་རིམ་བཟོས་ནས་ལས་ཀའི་ལས་ཆོད་ཆེ་རུ་གཏོང་བ། ཐ་སྙད་དང་རྒྱབ་ལྗོངས་ཤེས་བྱའི་དཔྱད་གཞིའི་ཡིག་ཚགས་སམ་ཡང་ན་གྲངས་གཞིའི་མཛོད་བཟོས་ནས་རྩོམ་སྒྱུར་ལས་དོན་ལ་སྟབས་བདེ་སྐྲུན་པ། མ་ཡིག་རྩོམ་པ་པོ་དང་འབྲེལ་གཏུག་བྱས་ནས་གསར་འགྱུར་གྱི་ནང་དོན་ལ་གོ་བ་ཡང་དག་ལོན་ཐབས་བཅས་བྱེད་དགོས། དེ་མིན་སྨྱན་སྦྱོར་སྒྲིག་གཞིས་རྩོམ་སྒྱུར་མི་སྣར་ཆེད་ལས་གསོ་སྦྱོང་དང་རིག་གནས་སྤེལ་རེས་ཀྱི་གོ་སྐབས་ཆུ་མོའི་རྒྱུན་ལྟར་སྤྲད་ནས་ཁོ་ཚོའི་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་རོགས་བྱེད་དགོས།
ལྔ་པ། མཇུག་བསྡོམས།
གསར་འགྱུར་རྩོམ་སྒྱུར་ནི་རྙོག་འཛིང་ཆེ་ཞིང་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན་པ་དང་། རིག་གནས་ཁྱབ་སྤེལ་དང་སྤེལ་རེས་ལ་སྐུལ་འདེད་གཏོང་བར་གསར་འགྱུར་རྩོམ་སྒྱུར་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་བཏོན་དང་འདོན་བཞིན་ཡོད། རྩོམ་འདིར་གསར་འགྱུར་རྩོམ་སྒྱུར་གྱི་གོ་དོན་དང་ཐབས་ཤེས། བརྒྱུད་རིམ་བཅས་ཅུང་ཟད་གླེང་ཡོད་ལ། གསར་འགྱུར་རྩོམ་སྒྱུར་ལ་འཕྲད་པའི་འགྲན་སློང་དང་འགྲན་སློང་ལ་ཁ་གཏད་གཅོག་ཐབས་ཀྱང་བཏོན་ཡོད། ཕུལ་དུ་བྱུང་བའི་གསར་འགྱུར་རྩོམ་སྒྱུར་མཁན་ལ་བྱང་ཆུབ་པའི་བརྡ་སྤྲོད་ཀྱི་ནུས་པ་ཡོད་དགོས་པ་མ་ཟད། ད་དུང་ཕུན་སུམ་ཚོགས་པའི་རིག་གནས་ཤེས་བྱ་དང་གསར་འགྱུར་ལ་ཚོར་བ་སྐྱེན་པོ་ཡང་དགོས། གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རིམ་གཏིང་ཟབ་ཏུ་དང་སྨྱན་སྦྱོར་ལག་རྩལ་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག གསར་འགྱུར་རྩོམ་སྒྱུར་ལ་གོ་སྐབས་དང་འགྲན་སློང་གསར་པ་འཕྲད་ངེས་ལགས།
( བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས། བོད་ཡིག་རྩོམ་སྒྲིག་པུའི་ཟླ་བ་ཚེ་རིང་། )