དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • གནམ་གཤིས་སྔོན་བརྡའི་བརྡ་ཆད་ལ་རགས་ཙམ་དཔྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-20

    སྤྱིར་གནམ་གཤིས་སྔོན་བརྡ་ནི་མི་རྣམས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས། དེ་སྔ་མི་རྣམས་ཀྱིས་བརྙན་འཕྲིན་དང་ཚགས་པར། རླུང་འཕྲིན་བཅས་སྲོལ་རྒྱུན་སྨྱན་སྦྱོར་བརྒྱུད་དོ་ཁུར་མང་ཤོས་བྱེད་སའང་དེ་ལས་མ་འདས། ད་རེས་སྐབས་སུ་བབས་པ་གནམ་གཤིས་སྔོན་བརྡའི་བརྡ་ཆད་སྒྱུར་སྟངས་ཐད་རང་གི་མྱོང་བ་དང་འབྲེལ་ཡོད་དཔྱད་གཞི་ཟུང་འབྲེལ་བྱས་ནས་དཔྱད་པ་ཅུང་ཟད་བྱ་རྒྱུ་ཡིན།

    དང་པོ། གནམ་གཤིས་འགྱུར་ལྡོག་སྐོར་གྱི་བརྡ་ཆད་བསྒྱུར་སྟངས།

    གནམ་གཤིས་འགྱུར་ལྡོག་ལ་རྒྱ་ཡིག་ཏུ། 晴天 多云 少云 阴天ཞེས་ཁག་བཞི་ཡོད་པ་རེད། དེ་དག་བོད་ཡིག་ཏུ་གནམ་དྭངས་བ་དང་སྤྲིན་པ་མང་པོ། སྤྲིན་པ་ཉུང་བ། གནམ་འཐིབས་ཞེས་བསྒྱུར་ཡོད། དེའི་ཁྲོད་ནས་多云ཞེས་པར་སྤྲིན་ནག་དང་少云ཞེས་པར་སྤྲིན་ཐ་ཐོར་ཞེས་བསྒྱུར་ན་བོད་ཀྱི་སྔར་ཡོད་སྐད་ཆའི་ཉམས་དང་མཐུན་ཞིང་བཤད་མཁན་རྣམས་ཀྱི་བརྗོད་བདེ་ཞིང་ཉན་མཁན་གྱིས་ཉན་སྤྲོ་བའི་ཁྱད་ཆོས་འབུར་དུ་ཐོན་སྲིད། ད་དུང་སྤྲིན་པའི་གནས་སྟངས་བརྗོད་སྐབས་སྤྲིན་ནག་འཁྲིགས་པ་དང་སྤྲིན་པ་ཐ་ཐོར་འཁྲིགས་རྒྱུ་ཞེས་བརྗོད་ན་དེ་བས་འཚམ་པར་སྙམ། གང་ཡིན་ཟེར་ན། མ་གཞི་དམངས་ཁྲོད་ཁ་རྒྱུན་དུ་སྤྲིན་པ་འཁོར་ཞེས་པ་ཤོད་སྲོལ་ཡོད་ཀྱང་སྔར་གྱི་ཡིག་རྙིང་དང་ལེགས་རྩོམ་སོགས་གང་ལ་བལྟས་ཀྱང་སྤྲིན་པ་ལང་ལོང་འཁྲིགས་ཞེས་མ་གཏོགས་སྤྲིན་པ་འཁོར་ཞེས་པ་སྤྱིར་ན་མཐོང་རྒྱུ་མེད་པས་གཅིག་བྱས་ན་དེ་ནི་ཡུལ་གང་རུང་ཞིག་གི་ཡུལ་སྐད་ཡིན་ཡང་སྲིད། གང་ལྟར་ཡང་གནམ་གཤིས་སྔོན་བརྡའི་ལེ་ཚན་གྱི་དམིགས་ཡུལ་ནི་ཚང་མས་གོ་ཐུབ་ཆེད་ཡིན་པས་སྤྲིན་པ་འཁྲིགས་ཞེས་བསྒྱུར་ན་ལྟོས་བཅས་ཀྱིས་ཁུངས་བཙན་པར་སྙམ། ནམ་མཁར་སྤྲིན་ནག་སྟུག་པོས་བཏུམས་ཞིང་ཉི་འོད་ས་གཞིར་གང་ཡང་འཕྲོ་མི་ཐུབ་པའི་གནས་སྟངས་ལ་གནམ་འཐིབས་ཞེས་བརྗོད། དེར་བརྟེན་གནམ་གཤིས་སྔོན་བརྡའི་རྩོམ་སྒྲིག་དང་ཡིག་བསྒྱུར་ཕྱག་ལས་གནང་མཁན་ཚོས་རྒྱུན་དུ་གནམ་འཐིབས་པ་དང་སྤྲིན་ནག་འཁྲིགས་པ་གཉིས་ཕན་ཚུན་གོ་མི་ལྡོག་པ་དང་གནམ་དྭངས་ཞེས་པ་ནི་ནམ་མཁར་སྤྲིན་པ་རྩ་བ་ནས་མེད་པར་ངོས་འཛིན་མི་རུང་བ་ཞོར་ལ་མཁྱེན་པར་མཛོད། ད་དུང་རྒྱ་ཡིག་ཐ་སྙད་阴天ཞེས་པར་གནམ་འཐིབས་ཞེས་བསྒྱུར་ན་ཆོག་མོད། འོན་ཀྱང་སྐབས་རེ་གནམ་འཐིབས་པ་ཙམ་མ་ཟད་ཐལ་རྡུལ་ལངས་བ་སོགས་ཀྱི་རྣམ་པ་ལྡན་ཚེ་དེར་གནམ་ངན་ཞེས་བསྒྱུར་བ་ལས་གནམ་འཐིབས་ཞེས་བསྒྱུར་ན་མི་འཚམས་པར་སྙམ།

    གཉིས་པ། གངས་ཆར་དང་གནམ་ཆུ་འབབ་ཚད་ཀྱི་བརྡ་ཆད་བསྒྱུར་སྟངས།

    དུས་རྒྱུན་གནམ་གཤིས་སྔོན་བརྡའི་ལེ་ཚན་འགར་降水量ཞེས་པར་ཆར་ཆུ་འབབ་ཚད་ཅེས་བསྒྱུར་བ་མཐོང་རྒྱུ་འདུག དོན་དངོས་ཐོག་དེ་ནི་ཚན་རིག་ཐོག་ནས་གནམ་གཤིས་སྣང་ཚུལ་ལྟར་གནམ་ནས་འབབས་པའི་ཆུའི་རིགས་ལ་སྲ་གཟུགས་གངས་སེར་དང་གཤེར་གཟུགས་ཆར་པ་གཉིས་ལ་དབྱེ་ཡོད་པ་མི་ཤེས་པའི་རྟགས་རེད། དེ་འདྲ་སོང་ཙང་གནམ་ནས་འབབ་པ་ནི་ཆར་པ་གཅིག་པུ་མིན་པས་སྤྱི་བྱེ་བྲག་ལ་མི་ཁྱབ་པའི་སྣང་ཚུལ་ཐོན་གྱི་ཡོད། གནམ་ཆུ་འབབ་ཚད་ཞེས་བསྒྱུར་ན་སྤྱི་དང་བྱེ་བྲག་གཉིས་ཀར་ཁྱབ་ཀྱི་ཡོད། དཔེར་ན་གནམ་ཆུ་ལ་དབྱེ་ན། གཤེར་གཟུགས་ཆར་པ་དང་སྲ་གཟུགས་གངས་སེར་གཉིས་ཡོད་པ་དང་། གཤེར་གཟུགས་ཆར་པ་ལ་རྒྱ་ཡིག་ཏུ་雨 毛毛雨 阵雨 雷阵雨བཅས་ཁག་བཞི་ལ་དབྱེ་ཡོད། བོད་ཡིག་ཏུ་ཆར་པ་དང་ཆར་སིམ་སིམ། འབྲུག་ཆར། ཐོལ་ཆར་ཞེས་བསྒྱུར་ཡོད། སྐབས་འདིའི་阵雨ཞེས་པ་སྤྲིན་ཆར་ཞེས་བསྒྱུར་ན་ཅུང་གོ་བདེ་བར་སྙམ། གང་ཡིན་ཟེར་ན། དུས་རྒྱུན་ནམ་མཁར་སྤྲིན་པ་ཐ་ཐོར་ཙམ་ལས་མེད་ཀྱང་དུས་ཚོད་ཐུང་ངུའི་རིང་ཆར་རྡོག་ཆེན་པོ་བབས་པའི་རིགས་ལ་མི་རྣམས་ཀྱི་སྤྲིན་ཆར་འབབ་ཞེས་ཟེར་བ་ལས་ཐོལ་ཆར་བབས་ཀྱི་འདུག་བརྗོད་ཀྱི་མེད། དེར་བརྟེན་གནམ་གཤིས་སྔོན་བརྡའི་དམིགས་ཡུལ་ནི་མང་ཚོགས་སྤྱི་ལ་ཞབས་ཞུ་སྒྲུབ་རྒྱུ་ཡིན་པས་དེའི་བརྡ་ཆད་བེད་སྦྱོད་བྱེད་སྟངས་ཐད་ལའང་ཐོག་མར་མང་ཚོགས་ཀྱི་ཁ་རྒྱུན་གྱི་མིང་བརྡར་བརྩི་འཇོག་བྱེད་དགོས་ངེས་རེད་སྙམ། དེ་བཞིན་人工降雨ཞེས་པར་མིས་བཟོས་ཆར་པ་དང་མིའི་ཐབས་ཀྱིས་ཆར་ཆུ་འབེབས་པ། མི་བཟོས་ཆར་འབབ་ལ་སོགས་པའི་འགྱུར་མ་མི་གཅིག་པ་སྣ་ཚོགས་མཐོང་ཆོས་སུ་གྱུར། སྐབས་དེའི་བསྒྱུར་བྱའི་ནང་དོན་ནི་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་ཡིན་པས་མིའི་ཐབས་ཀྱིས་ཆར་ཆུ་འབེབས་ཞེས་པ་ནི་དོན་གྱི་ཁྱད་པར་སྟོན་པའི་ཚིག་ལ་འགྱུར་འགྲོ་བའམ་བསྒྱུར་བྱའི་ནང་དོན་ལ་འགྲེལ་བཤད་བྱས་པ་ཙམ་དུ་ཟད། 人工ཞེས་པར་མི་བཟོས་ཞེས་བསྒྱུར་བ་ནི་ཐད་སྒྱུར་བྱས་པ་ཞིག་ཡིན། བསྒྱུར་སྟངས་དེར་ཕྱོགས་རྐྱང་པར་ནོར་འཕྲུལ་ཡིན་མིན་བཤད་ཁག་ཀྱང་མིང་ཚིག་དེ་ཚིག་གྲོགས་གཞན་དང་སྦྱར་བའི་སྐབས་ད་དུང་ཨུ་ཚུགས་ཀྱིས་མི་བཟོས་ཞེས་བསྒྱུར་ན་བརྗོད་མི་བདེ་བའི་ཚོར་སྣང་སྦྱིན། དེར་བརྟེན་དེའི་ཚིག་གྲོགས་ལ་བསྟུན་ནས་མི་ནུས་དང་མི་ཐབས་ཞེས་བསྒྱུར་ཀྱང་ཆོག་སྙམ། མིའི་ཐབས་ལ་བརྟེན་ནས་ཆར་པ་ཕབ་པར་དེ་སྔོན་ནས་ཆར་འབེབས་ཞེས་པའི་བརྡ་ཆད་ཡོད་དེ། དེ་ཡང་བོད་ལྗོངས་ཀྱི་ཞིང་ཁུལ་དུ་དབྱར་ཁ་ཐན་པ་བསྟན་ནས་ལོ་ཏོག་སྐམ་འགྲོ་བར་དམིགས་ནས་ཆོས་ཕྱོགས་ཀྱི་རིམ་གྲོ་སྒྲུབ་པར་ཆར་འབེབས་བྱས་ཞེས་ཟེར་སྲོལ་ཡོད་པས་སོ། དེར་བརྟེན་人工降雨ཞེས་པར་མི་ཐབས་ཆར་འབེབས་ཞེས་བསྒྱུར་ན་ཆེས་འཚམ་ཤོས་སུ་མཐོང་། 雨夹雪ཞེས་པར་བོད་ཡིག་ཏུ་གངས་ཆར་ཞེས་བསྒྱུར་བ་གནམ་གཤིས་སྔོན་བརྡ་དང་ཆ་འཕྲིན་རྩོམ་ཡིག་སོགས་ནས་ཧ་ཅང་མང་པོ་མཐོང་མྱོང་ཡང་དེ་སྔ་མཐོང་ཚད་ཐོས་ཚད་ཡིན་ཤག་ཤག་བྱེད་པའི་ངན་གོམས་སུ་ཤོར་བའི་དབང་གིས་དེར་མནོ་བསམ་ཞིབ་མོས་དཔྱད་པ་བྱེད་རྒྱུ་ཕར་བཞག་དོགས་སློང་ཙམ་ཡང་བྱེད་མྱོང་མེད། དོན་ངོ་མར་གངས་ཆར་ཞེས་པ་ནི་གངས་དང་ཆར་པའི་བསྡུས་མིང་དང་ཡང་ན་སྤྱི་མིང་ཞིག་ལ་གོ་དགོས་པ་ལས་དུས་གཅིག་ཏུ་གངས་དང་ཆར་པ་འདྲེས་པའི་རྣམ་པ་མཚོན་བྱེད་ཀྱི་བརྡ་ཆད་ཅིག་མིན་པ་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་གསལ་པོར་འཁོད་འདུག དེར་བརྟེན། 雨夹雪ཞེས་པའི་ཚད་ལྡན་འགྱུར་ནི་གངས་མ་ཆར་ཞེས་པ་དེ་ཡིན། སྲ་གཟུགས་གངས་ཀྱི་小雪ཞེས་པར་གངས་ཆུང་བ་ཞེས་བསྒྱུར་ཡོད་ཀྱང་དོན་དངོས་སུ་སྔར་ཡོད་ཐ་སྙད་ལ་བསྟུན་ནས་ཁ་རྡུལ་ཞེས་བསྒྱུར་ན་རྣ་ལ་སྙན་ཞིང་ངག་ལས་བརྗོད་བདེ། ཡིག་བསྒྱུར་མཁན་དང་རྩོམ་སྒྲིག་པས་ཁ་རྡུལ་འཁོར་ཞེས་བརྗོད་པ་ལས་ཁ་རྡུལ་བབས་ཞེས་བརྗོད་སྲོལ་མེད་པའང་ཞོར་ལ་དྲན་སྐུལ་ཞུའོ།

    གསུམ་པ། རླུང་དང་འབྲེལ་བའི་བརྡ་ཆད་བསྒྱུར་སྟངས།

    གནམ་གཤིས་སྔོན་བརྡའི་ལེ་ཚན་གྱི་ཡིག་སྒྱུར་གནང་མཁན་ཚོས་风ཞེས་པར་ལྷགས་པ་ཞེས་བསྒྱུར་བར་ནོར་འཕྲུལ་ཡིན་ཟེར་བའི་གདེང་སྤོབས་ཡེ་ནས་མེད་ཀྱང་། ཁོ་བོས་གནའ་བོའི་དཔྱད་གཞིའི་ཡིག་རིགས་གང་ལ་བལྟས་ཀྱང་ཡིག་སྐད་དུ་རླུང་བུ་ཞེས་འཁོད་པ་ལས་ལྷགས་པ་ཞེས་པའི་བརྡ་ཆད་སྤྱིར་ན་མཐོང་རྒྱུ་མེད་ཚོད་འདུག དེར་བརྟེན་ལྷགས་པ་ཞེས་པ་ནི་དབུས་ཙང་ཁུལ་གྱི་ཡུལ་སྐད་ཅིག་མིན་ནམ་སྙམ། ཆོས་རྒྱལ་ནམ་མཁའི་ནོར་བུས་བརྩམས་པའི་ནོར་བུའི་དོ་ཤལ་དང་གཟི་ཡི་ཕྲེང་བ་ཞེས་པའི་ནང་ནམ་མཁས་གོ་འབྱེད་པ་དང་། རླུང་གིས་གཡོ་བ་དང་། དྲོད་ཀྱིས་སྨིན་པ་དང་། ཆུས་བརླན་པ་དང་། ས་ཡིས་གཞི་འཛིན་ཅིང་སྲ་འཐས་ཀྱིས་བྱ་བ་བྱས་ཤིང་དེ་དག་གི་ནུས་པ་ཆ་མཉམ་དུ་སྨིན་པ་ལས་། འབྱུང་བའི་སྙིང་པོ་སྟེ་སྲིད་པ་ཆགས་རབས་བོན་གྱི་ལོ་རྒྱུས་ལ་གཞི་བཅོལ་ནས་བྲིས་པ་ཞིག་ཡིན་པས་དེའི་སྐབས་ཀྱི་ལོ་རྒྱུས་དཔྱད་གཞིར་ཡང་རླུང་ཞེས་འཁོད་པ་གསལ་པོ་བསྟན་ཡོད། ཐ་ན་ཉེ་རབས་དཔར་བསྐྲུན་བྱས་པའི་རླུང་ཁམས་ཆེན་པོའི་ཚན་རིག་གི་ཐ་སྙད་ཅེས་པའི་ནང་ལའང་རླུང་བུ་ཞེས་བསྒྱུར་ཡོད། ད་དུང་རླུང་ཞེས་པ་ནི་ལྷགས་པ་ལས་ཁྱབ་ཆེ་བ་ཡོད་པ་ཁ་ཚོན་བཅད་ནས་བཤད་ཆོག གང་ཡིན་ཟེར་ན། དག་ཡིག་གསར་བསྒྲིགས་ཀྱི་ནང་དུ་ལྷགས་པ་ཞེས་པ་ནི་རླུང་གྲང་མོའི་རིགས་ཤིག་ཡིན་ཞེས་བརྗོད་ཡོད་པས་སོ། དེར་བརྟེན། 风ཞེས་པ་རླུང་བུ་ཞེས་བསྒྱུར་ན་ལྷགས་པ་ལས་ཁྱབ་ཆེ་བ་དང་ཚང་མས་གོ་ཐུབ་པའི་ཁྱད་ཆོས་ལྡན་སྙམ། དེ་བཞིན་རྒྱ་ཡིག་风ཞེས་པ་དང་འབྲེལ་བ་ཡོད་པའི་ཐ་སྙད་ཡོད་དོ་ཅོག་རླུང་བུ་དང་སྦྱར་ནས་བསྒྱུར་དགོས་ཏེ། དཔེར་ན། 软风ཞེས་པར་འཇམ་རླུང་། 和风ཞེས་པར་དལ་རླུང་། 微风བསིལ་རླུང་། 劲风ཡོར་རླུང་། 强风དྲག་རླུང་། 疾风བསེར་རླུང་། 大风རླུང་ཆེན། 寒风གྲང་རླུང་། 暖风དྲོད་རླུང་ཞེས་བསྒྱུར་དགོས།

    བཞི་པ། དྲོད་ཚད་དང་འབྲེལ་བའི་བརྡ་ཆད་བསྒྱུར་སྟངས།

    དུས་རྒྱུན་གནམ་གཤིས་སྔོན་བརྡའི་ལེ་ཚན་ནང་དྲོད་ཚད་སྐོར་འདི་ལྟར་ཡོད་དེ། ས་ཆ་གང་རུང་ཞིག་གི་དྲོད་ཚད་མཐོ་ཤོས་ཨང་གྲངས་11དང་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཨང་གྲངས་3རེད་ཅེས་བསྒྱུར་བ་མང་པོ་མཐོང་རྒྱུ་ཡོད། ཁོ་བོའི་བསམ་པར་སྟེང་འོག་གཉིས་ནི་བལྟོས་བྱ་ལྟོས་བྱེད་ཀྱི་ཁ་ཕྱོགས་སྟོན་པ་ཙམ་ལས་དབྱེ་མཚམས་ངེས་གཏན་ཞིག་བསྟན་གྱི་མེད་ལ། ལྷག་པར་དུ་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་ཡན་མན་ནི་གྲངས་གཞི་དང་ས་ཆ། རིམ་པ་བཅས་གསུམ་མཚམས་ཤིག་གིས་བཅད་པའི་དོན་ལ་འཇུག་ཅེས་འཁོད་ཡོད། དཔེར་ན་སྔ་དེང་གཉིས་ཀྱི་ཡིག་ཆ་མང་པོར་དབྱེ་ཞིབ་བྱས་ཚེ་ཡན་མན་གཉིས་གྲངས་གཞི་དང་སྦྱར་བ་མང་པོ་མཐོང་རྒྱུ་ཡོད་པ་མ་གཏོགས་སྟེང་འོག་གཉིས་གྲངས་གཞི་དང་སྦྱར་བ་སྤྱིར་ན་མེད་ཚོད་རེད། དཔེར་ན། ད་ལོའི་ཐོན་འབབ་རྒྱ་མ་3000ཡན་མན་ཟིན་པ་དང་དེའི་ཐོན་ཚད་རིན་ཐང་སྒོར་5000ཡན་མན་མངོན་འགྱུར་བྱུང་ཡོད་ཅེས་པ་ལྟ་བུ། ལོ་བཅུ་མན་གྱི་ན་ཆུང་བྱིས་པར་གནམ་གྲུའི་པ་སེའི་རིན་སྤྲོད་མི་དགོས་ལྟ་བུ། ད་ལོའི་དཔལ་འབྱོར་ཡོང་སྒོའི་བརྒྱ་ཆ་སུམ་ཅུ་ཡན་སྨན་བཅོས་འཕྲོད་བསྟེན་ལ་གཏོང་རྩིས་ཡོད་ཅེས་པ་ལྟ་བུའོ། དེར་བརྟེན་གནམ་གཤིས་སྔོན་བརྡའི་ལེ་ཚན་ནང་ས་ཆ་གང་རུང་ཞིག་གི་དྲོད་ཚད་མཐོ་ཤོས་ཨང་གྲངས་11དང་དྲོད་ཚད་དམའ་ཤོས་ཀླད་ཀོར་མན་གྱི་ཨང་གྲངས་3རེད་ཅེས་བསྒྱུར་ན་སྐྱེས་བུ་རབ་འབྲིང་སུའི་རྣ་ལ་སོན་རུང་མོས་པའི་ཚུལ་གྱིས་དབུ་ལྕོག་ལྕོག་བྱ་རྒྱུ་ལས་དོགས་སློང་བྱེད་མཁན་ཡོང་མི་སྲིད།

    (བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཕྱི་ཕྱོགས་ལྟེ་གནས་བསྟན་འཛིན་ནོར་བུ)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།