ཞོགས་པའི་ཉི་གཞོན་ལྟ་བུའི་སློབ་མ།
ནམ་རྒྱུན་ཞོགས་པ་སྔ་པོར་ལངས་ནས་འཆམ་འཆམ་དུ་འགྲོ་དུས། སློབ་གྲྭའི་ལུས་རྩལ་ཐང་དང་སློབ་ཁང་། ཉལ་ཁང་སོགས་སློབ་གྲྭའི་ཁོར་ཡུག་གང་ས་ནས་དཔེ་ཀློག་གི་སྒྲ་དབྱངས་སྙན་མོ་ཞིག་སྒྲ་འཛིན་དབང་པོར་ཐོས་ཐེངས་རེར། བདག་གི་སེམས་ལ་བརྗོད་མི་ཤེས་པའི་སྤྲོ་བ་ཞིག་ངང་གིས་སྐྱེས་པའི་མོད་ལ། ང་རང་ཆུང་དུས་སྐབས་ཀྱི་སློབ་ཆུང་གི་འཚོ་བ་ཡང་མིག་ལམ་དུ་གསལ་ལེར་འཆར་འོང་གི་འདུག
རིག་པ་གཞོན་པའི་དུས་སུ་སློབ། །བ་ནི་དགུན་གྱི་དུས་སུ་གསོ། །ཞིང་ནི་དྲོད་བཤེར་ལྡན་ཚེ་རྨོ། །དེ་གསུམ་འབྲས་བུ་སྨིན་པའི་རྒྱུ། །ཞེས་པ་ནི་ང་རང་སློབ་ཆུང་སྐབས་ནས་གོ་མྱོང་བའི་ལེགས་བཤད་ཅིག་ཡིན་ཞིང་། དེ་ནི་ཧ་ལམ་སློབ་ཆུང་ལོ་རིམ་གཉིས་པ་འགྲིམ་དུས་ངེད་སློབ་གྲྭའི་མ་བྱན་སྤོ་བོ་ལགས་ཁོང་གིས་ང་ཚོ་སློབ་མ་འགར་གནང་བའི་སློབ་སྦྱོང་ལ་སྐུལ་བའི་གདམས་ངག་ཅིག་རེད། དེ་དུས་རོལ་རྩེད་དང་རྣམ་གཡེང་ཁོ་ནར་དགའ་བའི་དབང་གིས་སློབ་སྦྱོང་སྣང་མེད་དུ་འཇོག་ལ། སློབ་བྱོལ་དང་ཕྱི་འབྱོར་བྱེད་པ་ནི་སྐབས་དེ་དུས་ཀྱི་སློབ་མ་ཚོའི་ཆེས་གཟི་བརྗིད་ཀྱི་བྱ་བ་ཞིག་ཡིན་ཡིན་པར་སེམས་པས། མ་བྱན་ཁོང་གིས་བསྐྱོན་པའི་བསླབ་བྱར་ཡང་སྣང་བ་གཏོང་མི་སྲིད། ཡིན་ན་ཡང་། ད་ཆ་བསམ་དུས་དེ་དག་ནི་ཧ་ཅང་མ་རབས་ཀྱི་ཀུན་སྤྱོད་ཅིག་ཡིན་འདུག བདག་གི་ཕ་མ་གཉིས་ནི་སློབ་གྲྭར་འགྲོ་མ་མྱོང་ཡང་རིག་གནས་ལ་བརྩི་མཐོང་དང་ཤེས་ཡོན་ཅན་ལ་མོས་གུས་བྱེད་མཁན་ཞིག་ཡིན་པས། ང་རང་ག་དུས་སློབ་བྱོལ་དང་ཕྱི་འབྱོར་སྔ་ལོག་བྱས་ན་དེ་དུས་ནས་སློབ་གསོ་དང་སྒྱུར་བཅོས་བྱེད་དགོས་པའི་སྐུལ་མ་གནང་གི་ཡོད།
རྒན་ལགས་ཀྱིས་སློབ་མར་གོ་བསྐོན་སློབ་གསོ་གནང་དུས་བྱིས་པ་འགའ་རེས་རྒན་ལགས་ལ་མ་འདོད་པའི་རྣམ་འགྱུར་གྱིས་མིག་ལོག་ལྟ་བ་དང་། རྒྱབ་གཏམ་ཤོད་པ་སོགས་བྱེད་པ་མ་ཟད། ཕ་མ་འགའ་རེས་ཕྲུ་གུའི་ནོར་འཁྲུལ་ལ་ངོས་འཛིན་གསལ་པོ་མི་བྱེད་པར་དགེ་རྒན་ལ་ངན་ཁག་དཀྲི་གང་ཐུབ་བྱེད་ཀྱི་ཡོད།
ང་རང་གི་ལོ་དྲུག་གི་སློབ་ཆུང་འཚོ་བ་རྣམ་གཡེང་ཁོ་ནའི་ངང་ནས་་མཇུག་བསྒྲིལ་ཡང་། རིམ་བཞིན་སློབ་འབྲིང་དང་མཐོ་འབྲིང་། སློབ་གྲྭ་ཆེ་མོར་འགྲོ་སྐལ་བྱུང་སྟེ་ད་ཆ་སློབ་གསོའི་བྱ་བར་གཞོལ་བཞིན་ཡོད་པས། ད་ཆ་གྲོང་ཚོའི་སྐྱེ་བོ་ཀུན་གྱིས་མིག་ཡར་ལྟ་བྱེད་ས་ཞིག་དང་གཏམ་བདེན་པར་འཛིན་ས་ཞིག་ཏུ་གྱུར་ཡོད། འོན་ཀྱང་། སློབ་སྦྱོང་དུས་ན་གཡེང་བ་དེ། །མཁས་འདོད་རེ་བ་འབྲས་མེད་ཡིན། །ལོ་ཏོག་སད་ཀྱིས་འཁྱེར་བ་ཡིས། །ཞིང་ལ་འབྲས་བུའི་རེ་བ་མེད། །ཅེས་གསུངས་པ་ལྟར། ཆུང་དུས་དགེ་རྒན་ལ་ངན་སྨྲས་དང་སློབ་བྱོལ་གྱིས་དུས་འདའ་མཁན་གྱི་ངའི་འགྲོ་རོགས་མང་པོ་ད་ཆ་ར་ལུག་གི་རྨིག་རྗེས་འདེད་དེ། མུ་མཐུད་ནས་ཞིང་གྲོང་གི་རྐང་ལམ་ཕྲ་མོ་དེའི་སྟེང་དུ་མ་འགྲོ་ཀ་མེད་ལགས།
ད་ཆ་སྤྱི་ཚོགས་ཁྱོན་ཡོངས་འཕེལ་རྒྱས་ཕྱིན་ནས་མི་ཚང་མ་ཚ་ཚ་འུར་འུར་ངང་འབྱོར་འབྲིང་གི་ལམ་བུར་སྙེག་པ་དང་། མི་བུ་ཀུན་གྱི་འཚོ་བའི་འཁོས་ཀ་ལེགས་ཤིང་དཔལ་འབྱོར་གྱི་ཡོང་སྒོ་བཟང་བས། མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་བཅངས་པའི་རེ་བའང་ཇེ་ཆེར་འགྲོ་བཞིན་ཡོད། 《ས་སྐྱ་ལེགས་བཤད》ལས། ཡོན་ཏན་ཅན་དང་གསེར་བཟང་པོ། །གཡུལ་ངོར་དཔའ་དང་རྟ་བཟང་པོ། །སྨན་པ་མཁས་དང་རྒྱན་བཟང་པོ། །གང་དུ་ཕྱིན་པ་དེ་རུ་བྲིན། །ཞེས་པ་ལྟར། འབྱོར་འབྲིང་སྤྱི་ཚོགས་སུ་ཕྱོགས་བཞིན་པའི་དུས་འདིར། ཤེས་ཡོན་ཅན་ནི་ཁྱིམ་ཚང་གི་རྒྱན་ཆ་ཡིན་ལ་མི་རིགས་དང་མེས་རྒྱལ་གྱི་གཟི་བརྗིད་ཡིན་པས། རིག་གནས་མེད་པའི་མི་ནི་ཟོག་རོ་ལྟ་བུར་གྱུར་སྲིད། དེར་བརྟེན་སློབ་མ་ཚོས་མུ་མཐུད་ནས། མཁས་པ་ཡོན་ཏན་མཛོད་འཛིན་པ། །དེ་དག་ལེགས་བཤད་རིན་ཆེན་སྡུད། །རྒྱ་མཚོ་ཆེན་པོ་ཆུ་བོའི་གཏེར། །ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། །ཅེས་གསུངས་པ་ལྟར། ཉིན་མཚན་དུས་དྲུག་གི་དབྱེ་བ་མེད་པར་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་ནས་ཡོན་ཏན་ཅན་དུ་འགྱུར་བར་བྱ་དགོས་ཞེས་པའི་སློབ་སྦྱོང་ལ་སྐུལ་བའི་བཀའ་མོལ་དག་མ་བརྗེད་སྙིང་དབུས་སུ་བཅངས་ཏེ། ཞོགས་པའི་ཉི་གཞོན་འདྲ་བའི་དུས་བཟང་འདིར་རྣམ་གཡེང་དང་ལེ་ལོའི་དབང་དུ་མ་སོང་བར། རིག་པ་ནངས་པར་འཆི་ཡང་སློབས། །ཚེ་འདིར་མཁས་པར་མ་གྱུར་ཡང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡིས། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་པ་ལྟར། ནམ་ཡང་རང་གི་མགོ་བོ་མཐོན་པོ་དེ་གཞན་གྱི་ཡིད་སྨོན་གྱི་བྲང་ཁར་སྦྱར་ཐུབ་པ་བྱེད་དགོས་པ་མ་ཟད། ཕྱིས་འབྱུང་མེས་རྒྱལ་དང་མི་དམངས་ལ་ཕན་པའི་མི་ཞིག་བྱེད་ཨེ་ཐུབ་ལ་འབད་དགོས།
ཞོགས་པའི་ཉི་གཞོན་འདྲ་བའི་སློབ་མ་ཚོ། ཁྱོད་ཚོ་ནི་ཕ་མའི་རེ་བ་དང་མེས་རྒྱལ་གྱི་མེ་ཏོག་ཡིན་པས། ཁྱོད་ཚོས་ཕ་མའི་བཞིན་ལ་འཛུམ་ཟེར་འཕྲོ་ཕྱིར་དང་། ཕ་ཡུལ་ལ་འོད་མདངས་རྒྱས་ཕྱིར་ད་ལྟ་ནས་སློབ་ལ་བརྩོན་ཏེ། མེས་རྒྱལ་གྱི་ཁྱིམ་ཚང་ཆེན་མོའི་ནང་མཛེས་སྡུག་ལྡན་པའི་མེ་ཏོག་བཞིན་ཁྲ་ལྷམ་མེར་བཞད་དགོས་ཨང་།