སྟོན་མཇུག་གི་རྨི་ལམ།
ནོར་འཛིན་སྒེག་མོའི་པང་ཁར། །
མིག་ཟུང་ལན་གསུམ་འཕངས་པས། །
བདག་བློ་སྤང་ལྗོངས་སྟེང་དུ། །
སྤང་རྒྱན་མེ་ཏོག་བཞད་འོང་། །
སྤང་རྒྱན་ཡིད་ལ་བལྟམས་པའི། །
སྟོན་ཁའི་མཚན་མོ་ཞིག་ལ། །
བུ་ཆུང་ཁེར་འགྲོ་ང་རང་། །
རྨི་ལམ་མཚོ་མོར་ལྷུང་སོང་། །
དང་ཐོག་ཁང་ཆུང་མཐོངས་སུ། །
ཟླ་བའི་འོད་ཐིགས་ལྷུང་སྟེ། །
མུན་པའི་ཡོལ་བ་ཕྱེ་སོང་། །
འོད་ཀྱི་ཐིགས་པ་དག་ནི། །
ང་ཡི་ཁང་ཆུང་ནང་དུ། །
དངུལ་གྱི་སྒྲོན་མེ་ཇི་བཞིན། །
དལ་བ་དལ་བུར་མངོན་བྱུང་། །
དེ་ནི་རྟེན་འབྲེལ་འགོ་མ། །
ལྷ་དར་ཞིག་གི་ཚུལ་རེད། །
མཚམས་དེར་སྦྲང་ཆར་བསིལ་མས། །
རི་ཀླུང་ཐང་གསུམ་སྦངས་སོང་། །
ཨ་ཇོའི་ཡིད་ཀྱི་ངོགས་སུ། །
མེ་ཏོག་མགོ་ལྕོག་ལྡེམ་ལྡེམ། །
རྩྭ་ལྗང་ཟིལ་པ་ཁྲོམ་ཁྲོམ། །
དབྱར་གཞུང་ལང་ཚོ་ཅན་པོ། །
ཡང་ནས་ཡང་དུ་འཆར་འོང་། །
དེ་མུར་སྦྲ་ཡི་ཆོན་ཐག །
གནམ་སའི་བར་དུ་འཐེན་ནས། །
ཨ་མ་འབྲོག་མོའི་འཇོ་དབྱངས། །
རྣ་བའི་སྒོ་ཁར་ལྷུང་ཡོང་། །
ཚུལ་འདི་སེམས་ལ་བབས་པས། །
མིག་མཐའ་མཆི་མས་བརླན་སོང་། །
ཨ་མའི་བྱད་གཟུགས་དྲན་ཚེ། །
ཨ་ཕའི་ཞལ་རས་དྲན་ཡོང་། །
བྱམས་ལྡན་ཕ་མ་བཞུགས་པའི། །
ཕ་ས་གཡང་གི་ར་བར། །
གཏན་དུ་སྡོད་རྒྱུ་བྱུང་ན། །
ཁོ་བོའི་སེམས་ཀྱི་རེ་བ། །
ལྗོན་པའི་རྩེ་ནས་སྨིན་འདྲ། །
གློ་བུར་གཡུ་འབྲུག་སྔོན་མོས། །
ངར་སྐད་ལན་འགའ་བསྒྲགས་པས། །
ཁོ་བོ་གཉིད་ལས་དཀྲོགས་བྱུང་། །
ངོ་མ་འདུ་བྲལ་བར་གྱི། །
གསང་བའི་མུ་ཏིག་རྡོག་པོ། །
སུ་དང་གང་གིས་མ་མཐོང་། །
སོ་སོའི་སེམས་ལ་བཏགས་ཡོད། །
གོམ་ཁ་མདུན་དུ་སྤོས་ནས། །
མིག་ཟུང་རྒྱང་དུ་གཏད་པས། །
གྲང་རླུང་འུར་འུར་ཞིག་གིས། །
དགུན་ཁ་ཤར་སོང་ཟེར་བྱུང་། །
ད་ནི་མི་ཡུལ་ཞིང་དུ། །
དཀར་གཙང་ཁ་བའི་མེ་ཏོག །
མགྲོན་ལ་ཕེབས་རན་ཡོད་ཨང་། །