བོད་སྐད་ཡིག་གི་རྣམ་དབྱེ་ལས་ཚེ་སྐབས་སློབ་ཁྲིད་བྱེད་ཐབས་ཀྱི་བསམ་གཞིག
བོད་སྐད་ཡིག་གི་རྣམ་དབྱེ་འཆད་པའི་སྐབས་གལ་པོ་ཆེ་ལ་ནན་ཏན་གྱིས་ཞུ་དགོས་པ་ནི། བྱ་བ་དང་ངེས་པར་འབྲེལ་དགོས་པའི་རྣམ་དབྱེ་ཁག་གཅིག་སྟེ། བྱ་བ་བྱེད་མཁན་གཙོ་བོར་སྟོན་པ་གསུམ་པ་དང་བྱ་བའི་དགོས་པ་སྟོན་པ་བཞི་པ། བྱ་བའི་ཡུལ་སྟོན་པ་གཉིས་པ། བྱ་བའི་དུས་སྟོན་པ་ཚེ་སྐབས་བཅས་ལས་འདིར་ཚེ་སྐབས་ཀྱི་སྐོར་ཅུང་ཙམ་བརྗོད་ན། སྤྱིར་ཚེ་སྐབས་ནི་རྣམ་དབྱེ་བདུན་པའི་ནང་ཚན་དུ་གསུངས་པ་མཁས་པའི་ཞལ་གཅིག་གྲགས་ལྟ་བུ་ཡིན་མོད། འདིས་དུས་ཁོ་ན་སྟོན་པ་དང་བྱ་བའི་དུས་སྟོན་པ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་གཤིས་ཞིབ་པར་དཔྱད་དགོས་པར་མཐོང་།
དང་པོ། ཚེ་སྐབས་ཀྱི་དོན་སྟོན་ཚུལ་གསུམ་དུ་གྱེས་པ་དང་དེའི་རྒྱུ་མཚན།
གཅིག ཚེ་སྐབས་དུས་ཁོ་ནར་བཞེད་པའི་རྒྱུ་མཚན་དང་དེའི་ལུགས།
ཚེ་སྐབས་འདི་ཉིད་གོང་དུ་བརྗོད་པ་ལྟར་རྣམ་དབྱེ་བདུན་པའི་ནང་གསེས་སུ་བརྗོད་པ་མཁས་པའི་ཞལ་གཅིག་གྲགས་ལྟ་བུ་ཡིན་རྐྱེན། བདུན་པར་བྱ་བ་འཇུག་མི་སྲིད་པས་དེའི་ནང་ཚན་དུ་གྱུར་པའི་ཚེ་སྐབས་བྱ་བ་དང་འབྲེལ་ན་དོགས་མི་བདེ་གཤིས་མཁས་པ་མང་པོས་ཚེ་སྐབས་འཆད་ན་དུས་སྟོན་པ་ཞེས་བྱ་བ་དོར་བའི་ཚུལ་མཛད་པ་ཞ་ལུ་ལོ་ཙཱ་བས་ཚེ་སྐབས་ཏེ“དུས་རྣམས་སྟོན་པ”དང་པྲ་ཏི་རིན་པོ་ཆེས“ཚེ་སྐབས་འཇུག་པ་ནི་དུས་སྟོན་པ་སྟེ། དཔེར་ན“ཉི་མ་ཤར་བ་དང་འགྲོ”ཞེས་དཔེར་བརྗོད་ལ་བྱ་བ་ཡོད་པར་མཛད་དགོས་བྱུང་བ་དང་། ཨ་ལག་ཤས“ཚེ་སྐབས་ཏེ་དུས་བརྗོད་པའི་དོན་ལ་འཇུག་པ”ནི། དཔེར་ན། “སྔ་དྲོའི་དུས་སུ” “ཉི་མ་འཆར་ཁ་རུ”ལྟ་བུ་བྱ་ཚིག་དོར་བའི་དཔེར་བརྗོད་བཅུ་གསུམ་དང་བྱ་ཚིག་ཡོད་པའི་དཔེར་བརྗོད་གཉིས་མཛད་པ” རྡོ་རྗེ་རྒྱལ་པོས“སྟོན་དུས་འབྲས་བུ་སྨིན་ལྟ་བུ། །དུས་ཚོད་སྟོན་པ་ཚེ་འམ་སྐབས། །”ཞེས་གོང་སྨོས་མཁས་པ་དག་གིས་ཚེ་སྐབས་ནི་དུས་ཁོ་ན་སྟོན་པར་བཞེད་པ་འདྲའོ།
གཉིས། ཚེ་སྐབས་བྱ་བའི་དུས་ལ་བཞེད་པའི་རྒྱུ་མཚན་དང་དེའི་ལུགས།
ཚེ་སྐབས་བྱ་བའི་དུས་སྟོན་པར་དགོངས་པ་ནི་བྱ་བ་དང་མ་འབྲེལ་ན་སྔ་དྲོ་དང་ཉིན་གུང། དགོང་མོ། ནམ་ཕྱེད། ཆུ་ཚོད་དང་པོ་སོགས་དུས་སྟོན་པའི་ཐ་སྙད་རྣམས་ཀྱང་ཚེ་སྐབས་ཡིན་དགོས་ཏེ་དུས་སྟོན་པའི་ཕྱིར། གཞན་དུས་ཁོ་ན་སྟོན་པར་ལ་དོན་གྱི་ཕྲད་ཞུགས་པའི་དགོས་པའང་མེད་པས། དེས་ན། དུས་དང་བྱ་བའི་དུས་ཀྱི་དབྱེ་བ་འབྱེད་ཆེད་ཚེ་སྐབས་བྱ་བའི་དུས་སྟོན་པར་བཞེད་པ་སྟེ། དཀར་ལེབ་དྲུང་ཡིག་གིས“འགྲོ་ཁར་བརྡ་སྤྲད་ཚེ་སྐབས་དཔེ། །འགྲོ་ནི་བྱ་བ་ཁ་ཚེ་སྐབས། །ར་ནི་ལ་དོན་བརྡ་དངོས་པོ། །སྤྲད་ནི་བྱ་བ་བྱས་པ་འོ། །འདི་ལ་བྱ་ཡུལ་མི་དམིགས་ཏེ། །བྱ་བ་གཉིས་ཚོགས་ནུས་པ་ཡིན”ཞེས་བྱ་བའི་དུས་སྟོན་པར་གསུངས་པ་དང་། དབྱངས་ཅན་གྲུབ་པའི་རྡོ་རྗེས“ཉི་མ་འཆར་ཁ་རུ་འགྲོ་ལྟ་བུ་རྣམ་དབྱེ་བདུན་པའི་ནང་ཚན་ཚེ་སྐབས”ཞེས་གསུངས་པར་དཔྱད་ན། བྱ་བའི་དུས་སྟོན་པར་དགོངས་པ་འདྲ། གཞན་དགེ་བཤེས་གསུང་རབ་རྒྱ་མཚོས“ཚེ་སྐབས་ནི། འདས་དང་མ་འོངས་ད་ལྟ་བའི། །བྱ་བ་བྱས་དང་བྱེད་འགྱུར་དང་། །བྱེད་པའི་དུས་ཚིགས་སྟོན་པ་ལ། །དུས་དང་ཚེ་སྐབས་ཞེས་པར་བརྗོད། །དཔེར་ན། ཉིན་གཅིག་ཏུ་འབད་རྩོལ་བྱེད། ནམ་གུང་དུ་ཅུང་ཟད་གཉིད། ཉིན་ཕྱེད་དུ་ཡི་གེ་འབྲི”ཞེས་ཁ་གསལ་གསུངས་པ་དང་། དཔའ་རིས་སངས་རྒྱས་ཀྱིས“ཚེ་སྐབས་བྱ་བ་བྱེད་དུས་དང་། །འབྱུང་དུས་ནམ་ཡིན་སྟོན་བྱེད་དོ། །ཚེ་སྐབས་ནི་བྱ་བ་གང་ཞིག་ནམ་ཚོད་བྱེད་པ་དང་། འགྱུར་ལྡོག་གང་ཞིག་ནམ་ཚོད་བྱུང་བའི་དུས་སྟོན་བྱེད་ཡིན་ནོ། །དེ་ལས་སྔ་མ་ནི་དཔེར་ན། སྐྱ་རེངས་སུ་ལུས་རྩལ་སྦྱངས་ཞེས་པར། སྐྱ་རེངས་ནི་དུས་ཚོད་དང་། ལུས་རྩལ་སྦྱངས་པ་བྱ་བ་ཡིན་པ། སུ་ཞེས་པའི་ལ་དོན་གྱི་སྒྲས་རྣམ་པར་ཕྱེ་ཞིང་། ལུས་རྩལ་སྦྱངས་པའི་དུས་ནི་སྐྱ་རེངས་ཡིན་པ་གསལ་བར་བྱས་པ་ལྟ་བུ”ཞེས་མཁས་དབང་འདི་དག་ནི་ཚེ་སྐབས་བྱ་བའི་དུས་སྟོན་པར་བཞེད་པའོ།
གསུམ། ཚེ་སྐབས་དུས་དང་བྱ་བའི་དུས་སྟོན་པའི་གསལ་ཁ་མེད་པ་རབ་རིབ་ཅན་དུ་བཞེད་པའི་རྒྱུ་མཚན་དང་དེའི་ལུགས།
ཚེ་སྐབས་དུས་ཙམ་དང་བྱ་བའི་དུས་སྟོན་པའི་གསལ་ཁ་མེད་པ་རབ་རིབ་ཅན་དུ་བཞེད་པའི་རྒྱུ་མཚན་ནི་དུས་ཙམ་དུ་ངོས་འཛིན་ན། གོང་ཞུས་ལྟར་དུས་སྟོན་པའི་ཐ་སྙད་དག་ཀྱང་ཚེ་སྐབས་ལ་ཁྱབ་པའི་སྐྱོན་བྱུང་བ་དང་། བྱ་བའི་དུས་ལ་ངོས་བཟུང་ན་བདུན་པར་བྱ་ཚིག་འཇུག་ཏུ་མེད་པས་དེའི་ནང་གསེས་ལ་འཇུག་པར་བཞེད་ན་སྤྱིས་བྱེ་བྲག་མི་ཁེགས་པའི་སྐྱོན་བྱུང་རྐྱེན། དེ་གཉིས་ཀྱི་བར་མ་དོ་བཟུང་སྟེ་དགོངས་གཞི་རབ་རིབ་ཅན་དུ་གྱུར་པའོ། དེའི་ལུགས་འཛིན་པ་ནི་སྨྲ་སྒོ་མཚོན་ཆར“ཚེ་སྐབས་ནི་དུས་དེ་ལའམ་དེར་ཞེས་པ་ལྟ་བུའོ”ཞེས་དེ་ལའམ་དེར་ཞེས་པའི་ཚིག་ཟུར་ནས་བྱ་ཚིག་ཡོད་པར་གོ་བ་ལ་དེ་འདྲའི་གསལ་ཁ་མ་མཛད་པ་ལྟ་བུ་དང་། ཀརྨ་སྨོན་ལམ་འོད་ཟེར་གྱིས“ཉི་མ་ཤར་བ་ན་ཆོས་སྟོན་ལྟ་བུ་རྣམ་དབྱེ་བདུན་པ་གནས་གཞིའི་བྱེ་བྲག་དུས་བརྗོད་པའི་དོན་དུ་སྦྱར་ན་ཚེ་སྐབས་ཀྱི་སྒྲ་ཡིན་པ”ཞེས་དུས་ཙམ་དང་བྱ་བའི་དུས་གཉིས་ཀར་གོ་བ་ནི་དགོངས་པ་རབ་རིབ་བོ།
གཉིས་པ། རྒྱུ་མཚན་དང་རང་ལུགས།
རྩ་བར། “ལས་དང་ཆེད་དང་རྟེན་གནས་དང་། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །”ཞེས་དངོས་སུ་བསྟན་པ་དང་། ཡང་རྣམ་དབྱེ་བཤད་པའི་སྐབས་སྔ་འགྲེལ་གྱི་བརྡ་གཞུང་ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་བསྒྱུར་བ་བསྟན་འགྱུར་ལས་བྱུང་བའི་རྣམ་དབྱེ་བརྒྱད་ཀྱི་ཚིག་ལེའུར་བྱས་པ། འགོས་ཆོས་གྲུབ་ཀྱིས་བསྒྱུར་བ་འཇུག་པའི་སྒྲ་བརྒྱད་བསྟན་པའི་ཚིག་ལེའུར་བྱས་པ་སོགས་ནས་ཕྱི་འགྲེལ་ཚང་མར་རྣམ་དབྱེ་བརྒྱད་དུ་གྲངས་ངེས་པས། དེ་ཉིད་དང་ཚེ་སྐབས་གཉིས་པ་དང་བདུན་པའི་ནང་ཚན་དུ་བསྡུས་མོད། རྣམ་དབྱེ་བདུན་པ་ནི་གཞིའམ་ཡུལ་དེར་དངོས་པོ་གང་རུང་ཞིག་ཡོད་པའམ་གནས་པ་ཙམ་སྟོན་པ་དང་། ཚེ་སྐབས་ནི་བྱ་བའི་དུས་སྟོན་པས་བསྡུ་བྱ་བསྡུ་བྱེད་ལ་ཚིག་ཕྲད་ལས་གཞན་པའི་འདྲ་ཆོས་མེད་པ་དང་། སློབ་དཔོན་གྱིས་རྩ་བར་ལ་དོན་གྱི་འཇུག་ཡུལ་ལྔ་པོ་གཅིག་ཁོངས་གཅིག་ལ་བསྡུ་བ་དངོས་ཤུགས་གང་རུང་ནས་མ་བསྟན་པས། བདུན་པའི་ནང་ཚན་ཚེ་སྐབས་ཞེ་ན་ད་ལྟ་ཡོངས་གྲགས་ལྟ་བུར་སོང་མོད། གཡག་མགོ་ལུག་སྦྱར་ལྟ་བུའི་བཙན་བསྒྲིགས་ཀྱི་སྣང་བ་ཞིག་སྦྱིན་འོང་ལ། དེའི་གོ་དོན་དང་དཔེར་བརྗོད་ལ་མཁས་པ་མང་པོས་སྣང་ལ་མ་ངེས་པའི་ཚུལ་འཛིན་དགོས་བྱུང་ཡོད།
དེ་ལྟར་ལགས་ཀྱང་། ཚེ་སྐབས་ནི་བོད་པའི་སྐད་བརྡའི་ཁྲོད་བྱ་བའི་དུས་སྟོན་པའི་རྣམ་དབྱེ་འགངས་ཆེན་ཞིག་ཡིན་པ་བསྙོན་དུ་མེད་པས། དགེ་བཤེས་གསུང་རབ་རྒྱ་མཚོས་གོང་སྨྲོས“ཚེ་སྐབས་ནི། འདས་དང་མ་འོངས་ད་ལྟ་བའི། །བྱ་བ་བྱས་དང་བྱེད་འགྱུར་དང་། །བྱེད་པའི་དུས་ཚིགས་སྟོན་པ་ལ། །དུས་དང་ཚེ་སྐབས་ཞེས་པར་བརྗོད། །དཔེར་ན། ཉིན་གཅིག་ཏུ་འབད་རྩོལ་བྱེད། ནམ་གུང་དུ་ཅུང་ཟད་གཉིད། ཉིན་ཕྱེད་དུ་ཡི་གེ་འབྲི”ཞེས་གོ་དོན་དང་དཔེར་བརྗོད་གཉིས་ཀ་ནས་གསལ་ཁ་མཛད་པ་ནི། ལེགས་བཤད་ཁོ་ནར་མཐོང་ལ་དཔའ་རིས་སངས་རྒྱས་སོགས་ཀྱིས་དེའི་རྗེས་སུ་འབྲངས་པའང་ཤིན་ཏུ་མད་དོ།
བརྡ་སྤྲོད་པའི་སྐོར་ལ་རང་ཅག་ཚོས་སློབ་དཔོན་གྱི་རྩ་བའི་དགོངས་གཞིར་བསྟུན་རྒྱུ་ནི་གལ་ཆེའི་རྩ་དོན་དང་དེར་དངོས་ཤུགས་གང་རུང་ནས་མ་གསལ་བ་རྣམས་བོད་པའི་སྐད་ཆའི་གོམས་གཤིས་ལ་བརྩི་འཇོག་གིས་ལག་ལེན་དངོས་ནང་འཇུག་མིན་ལ་དཔྱོད་པ་ནི། རང་རེའི་བརྡ་སྤྲོད་འདི་ཉིད་སྔར་བཞིན་གསོན་ཤུགས་རྒྱས་པའི་ཐབས་དམ་པ་ཡིན་པས། ནང་གསེས་སུ་བསྡུ་མ་བསྡུའི་རྩོད་ཉོག་བསྐྱུར་ཏེ་བདེན་པའི་རྗེས་སུ་འབྲངས་ན། ཚེ་སྐབས་ནི་བྱ་བ་བྱ་འགྱུར་དང་བྱེད་པ། བྱས་པའི་དུས་སྟོན་པའི་རྣམ་དབྱེ་འོ་ཟེར་ན། བོད་པའི་སྐད་བརྡའི་གོམས་སྲོལ་དང་ཚེ་སྐབས་རང་གི་ནུས་པ་དང་ཡོངས་སུ་མཐུན་པའོ།
(ལྷ་ས་པེ་ཅིང་སློབ་འབྲིང་གི་དགེ་རྒན་ལྷག་པ་ཚེ་རིང)