དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཨ་མ་ལགས། ཁྱེད་ཉིད་དྲན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  གདུགས་དཀར་སྐྱིད།   |     སྤེལ་དུས།  2024-11-10

    ཨ་མ་ལགས།

    བདག་ལ་ཚེ་སྲོག་གི་དྭངས་མ་སྦྱིན་མཁན་གྱི་བརྩེ་བའི་བདག་མོ་ལགས།

    སྨུག་སྤྲིན་གྱིས་ཁྱེད་ཀྱི་འོད་ཟེར་སྒྲིབ་མི་ཐུབ་ལ།

    གཉེར་རིས་ཀྱིས་ཁྱེད་ཀྱི་བྱམས་བརྩེ་བསུབ་ག་ལ་ཐུབ།

    ཁྱེད་རང་དུས་གཏན་དུ།

    རྒྱུ་སྐར་རྒྱལ་པོ་བཞིན་བདག་གི་ནམ་མཁར་འཚེར་རོགས།


    ཨ་མ་ལགས།

    ཁྱེད་ཀྱི་འཛུམ་མདངས་དཀར་གསལ་ཟླ་བ་དང་འདྲ་ལ།

    ཁྱེད་ཀྱི་བྱམས་བརྩེ་ཉི་མའི་དཀྱིལ་འཁོར་དང་འདྲ།

    ཁྱེད་ཀྱི་སྒེར་སེམས་མེད་པའི་བརྩེ་སེམས་ཀྱིས།

    བདག་ལ་རེ་བའི་སོན་བཟང་གཏོར།

    ཁྱེད་ནི་དྲོད་འཇམ་གྱི་དཔྱིད་རླུང་བཞིན།


    བདག་གི་དོན་ལྔ་སྣོད་དྲུག་ཚ་ལམ་ལམ་དུ་བཏང་།

    རྨི་ལམ་གྱི་ལྗོན་པའི་དྲུང་དུ།

    སྐར་མ་མགུལ་རྒྱན་དུ་སྤྲས་པའི་ཡིད་འོང་གི་འཆིང་བྱེད་མ་ཞིག

    བརྩེ་བའི་མེ་ཏོག་སྒྲུག་གིན་ངའི་ཕྱོགས་སུ་ཆས་འོང་།

    གཉིད་ཀྱི་ཡོལ་བ་དལ་གྱིས་ཕྱེ་དུས།

    དྲན་གདུང་གི་མཆི་མས་ངའི་ནང་སྙིང་བརླན་འདུག


    ངའི་སྙིང་གི་ཕྱེད་ཀ་ལྟ་བུའི་ཨ་མ་ལགས།

    དྲན་གདུང་དང་རེ་སྒུག་གི་ལོ་ཟླའི་གསེང་དུ།

    ངས་ཤེས་རིག་གི་བདུད་རྩི་མངར་མོ་ཧུབ་ཀྱིས་འཐུང་ཞོར།

    ཁྱེད་དང་ངེད་གཉིས་ཀྱི་ལྷན་འཛོམས་ལ་རེ་ཞིང་།

    མེ་ཏོག་གི་འཛུམ་མདངས་ལྟ་བུའི་ཁྱེད་ཀྱི་བྱད་བཞིན་ལ།

    ཅེ་རེར་བལྟས་ནས་སྡོད་འདོད་ཧ་ཅང་ཆེ་ཨང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།