མངོན་མིན་རིག་གནས་ཤུལ་བཞག་ནི་ནོར་བུ་དགོས་འདོད་ཀུན་འབྱུང་རང་རེད།
སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་ཡོད་པའི་བརྗིད་ཆགས་ཡིད་དུ་འོང་བའི་བོད་ལྗོངས་ལ་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེ་ནི་གངས་ལྗོངས་ས་མཐོའི་མཁའ་དབྱིངས་ཀྱི་སྐར་ཚོགས་ལྟར་བགྲང་གིས་མི་ལང་།
ཉེ་ཆར། གསར་འགོད་པས“གངས་ལྗོངས་ས་མཐོར་རྣམ་པ་གསར་པ་མངོན”ཞེས་པའི་བརྟག་ཞིབ་བཅར་འདྲི་ཚོགས་པ་དང་མཉམ་དུ་ལོ་ངོ་སྟོང་གི་ལག་རྩལ་ཇི་ལྟར་བྱས་ནས་རྒྱུན་འཛིན་དང་ནུས་པ་ཆེ་རུ་བཏང་བ་དང་། དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་ཕན་པ་ཆེན་པོ་གང་ཞིག་ཐོབ་ཡོད་མེད་སྐོར་ལ་རྩད་ཞིབ་བྱས་པ་ཡིན།
ས་རུབ་པ་དང་བསྟུན་ནས་རི་བོ་དང་སྐར་ཚོགས་རྣམས་གར་སྟེགས་ཆེན་པོ་ཞིག་ལྟར་མངོན།
བགྲེས་སོང་ཞིག་གིས་འབག་སྔོན་པོ་གྱོན་པ་དང་གནའ་བོའི་བསྟོད་ཚིག་གྱེར་འདོན་བྱེད་བཞིན་ལོ་ངོ་བརྒྱ་ཕྲག་རིང་རྒྱུན་འཛིན་བྱས་པའི་ལྷ་མོ་འཁྲབ་བཞིན་ཡོད་པ་དང་། མི་500ལྷག་ཙམ་གྱིས་ལག་ཏུ་འབོག་ཐོ་བཟུང་ནས་བརྗིད་ཉམས་དོད་པོས་ཨར་ཀ་གཅོག་པའི་སྒྱུ་རྩལ་དེ་དག་ལས་སྤུ་རྒྱལ་མི་སེར་གྱིས་ཕོ་བྲང་པོ་ཏ་ལ་སྐྲུན་སྐབས་ཀྱི་རྣམ་པ་སླར་ཡང་མངོན་པར་བྱས་ཡོད།
དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ལས་མངོན་མིན་རིག་གནས་ཤུལ་བཞག་རིགས་བཅུ་གྲངས་ཙམ་གཅིག་སྡུད་ཐོག་མངོན་ཞིང་། དེ་ནི་ཡུལ་སྐོར་བ་བོད་དུ་ཡོང་ནས་ངེས་པར་དུ་ལྟ་རོལ་བྱེད་པའི་རིག་གནས་ཐོན་རྫས་ཀྱི་གྲས་སུ་གྱུར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོར་འཁྲབ་སྟོན་བྱེད་འགོ་བཙུགས་པ་ནས་བཟུང་། རིམ་རྩིས་བརྒྱབ་ན《འུན་ཤིང་ཀོང་ཇོ》ཐེངས་2000ལྷག་ཙམ་འཁྲབ་པ་དང་། འཁྲབ་སྟོན་དང་དེ་བཞིན་ཡུལ་སྐོར་གྱི་ལེ་ལག་ལས་རིམ་རྩིས་བརྒྱབ་ན་ལྟད་མོ་བ་མི་ཐེངས་ཁྲི་3000ལྷག་ཙམ་ལ་སྣེ་ལེན་ཞུས་པ། འཁྲབ་སྟོན་ལས་ཐད་ཀར་རམ་ཡང་ན་གཞན་བརྒྱུད་ཀྱི་སྒོ་ནས་མི་ཐེངས་ཁྲི་ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད་པ་རེད།
སྲོལ་རྒྱུན་རིག་གནས་ལས་སྟོབས་ཤུགས་འཛད་མཐའ་མེད་པ་མངོན། ཟློས་གར་ཁང་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་མོའུ་ཏེ་ཞི་ཡིས། མངོན་མིན་རིག་གནས་ཤུལ་བཞག་དང་འཁྲབ་སྟོན་ཟུང་དུ་སྦྲེལ་བ་ལས་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་དང་གསར་གཏོད་དང་། མི་རིཌ་རིག་གནས་མཉམ་འདྲེས་དང་མངོན་སུམ་མྱོང་གྲུབ། དཔལ་འབྱོར་དང་སྤྱི་ཚོགས་ཕན་འབྲས་བཅས་གཅིག་གྱུར་མངོན་འགྱུར་ཡོང་རེ་ཡོད་པའི་ངོས་འཛིན་བྱས། འུན་ཤིང་ཀོང་ཇོའི་འཁྲབ་སྟོན་ཁང་གི་ཉེ་འགྲམ་ནི་ད་ལོའི་ཟླ་5པར་དངོས་སུ་སྒོ་ཕྱེ་བའི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་རེད། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་དེ་ཡུལ་སྐོར་བས་ལྟ་རོལ་བྱེད་ས་གསར་པ་དང་ཡུལ་དེ་གའི་གྲོང་མིའི“གཟའ་མཇུག་སྤྲོ་སྐྱིད་གཏོང་ས་ཡག་ཤོས”ཤིག་ཏུ་འགྱུར་བཞིན་ཡོད།
སྤོས་ཀྱི་བཟོ་རྩལ་ཉམས་ལེན་ནས“སྒྲུང་མཁན”གྱིས་སྣང་ཚུལ་འདྲ་མིན་སྣ་ཚོགས་ཀྱི་གེ་སར་སྒྲུང་གྱེར་འདོན་ལ་ཉན་པའི་བར་རྟེན་མཛོད་ཁང་དུ་ཡུལ་སྐོར་བས་ཐག་ཉེ་ས་ནས་བོད་ཀྱི་ཕུལ་བྱུང་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ལ་འབྲེལ་འདྲིས་ཐུབ་ཅིང་། དྲན་ཤེས་ངོས་སུ་ཇི་ལྟར་རྒྱུན་འཛིན་བྱེད་པ་དང་རིག་གནས་ཇི་ལྟར་རྒྱུན་འཁོར་བྱེད་ཚུལ་མྱོང་ཚོར་ཐུབ།
ཧྥུའུ་ཅན་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཁྲེང་ལགས་རྟེན་མཛོད་ཁང་དུ་སླེབས་རྗེས། ཐོག་མར་ཚོན་མདོག་རྣམ་པར་བཀྲ་བ་དང་ཐིག་རིས་སྟར་ལ་བརྒྱུས་འདྲའི་ཐང་གས་ཡིད་དབང་རབ་ཏུ་འཕྲོག་པ་དང་། ཐང་ག་རེ་རེ་ལས་གནའ་བོའི་གཏམ་རྒྱུད་རེ་གླེང་བཞིན་པའི་སྣང་བ་སྟེར། ལྷ་སྒྲུང་དང་། དམངས་གཞས། ཟློས་གར། གཏམ་བརྗོད། རྩལ་རྩེད་སོགས་གཞི་རྒྱུ་འདྲེས་པའི་བོད་ཀྱི་ལྷ་མོས་ཀྱང་ཁོང་ལ་བག་ཆགས་གཏིང་ཟབ་བཞག དེ་གར་མངོན་མིན་རིག་གནས་ཤུལ་བཞག་མང་པོ་ཞིག་མི་རྣམས་ཀྱིས་ཤེས་རྟོགས་བྱ་རྒྱུར་བསྒུགས་ནས་ཡོད་ལ། རང་ཉིད་ངོ་མས་ཉམས་ལེན་བྱེད་པ་དེའང་བརྗེད་དཀའ་བའི་མྱོང་བ་ཞིག་རེད།
མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་རྣམ་གྲངས་3དང་། རྒྱལ་ཁབ་རིམ་པའི་རྣམ་གྲངས་37དང་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་51གི་མིང་གཞུང་རྣམ་གྲངས་སོགས་རྟེན་མཛོད་ཁང་གི་འགྲེམས་ཁུལ་19དེ་གཙོ་གནད་མངོན་མིན་རིག་གནས་ཤུལ་བཞག་གི་དཀར་ཆག་མང་པོའི་ནང་ཁྱབ་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྣ་ཚོགས་ལ་འཛིན་སྐྱོང་སྤེལ་གསུམ་ཡག་པོ་བྱེད་ཐུབ་ཡོད། 2012ལོ་ནས་2022ལོའི་བར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་མ་དངུལ་སྒོར་དུང་ཕྱུར་3.25ལྷག་ཙམ་བཏང་བས་ས་མཐོའི་གཅེས་ནོར་ལ་གསོན་ཤུགས་གསར་པ་མངོན་བཞིན་མཆིས།
ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་ལྗོངས་རིག་གནས་རྟེན་མཛོད་ཁང་གི་ཞིབ་འཇུག་པ་གཞོན་པ་ཀྲང་ཀྲུང་ཡ་ཡིས། མངོན་མིན་རིག་གནས་ཤུལ་བཞག་དང་ཡུལ་སྐོར་ཟུང་དུ་འབྲེལ་བ་ལས་རིག་གནས་ཀྱི་ནང་དོན་དམིགས་བསལ་མང་པོ་ལྡན་པའི་ཡུལ་སྐོར་ཐོན་རྫས་འགྲུབ་རྒྱུར་སྐུལ་འདེད་བཏང་བ་མ་ཟད། མི་དེ་བས་མང་བ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་རིག་གནས་ཁྱབ་སྤེལ་ནང་ཞུགས་ཐུབ་པས། དེ་སྔ་མི་མང་པོས་སྣང་འཇོག་མི་བྱེད་པའི་གནའ་བོའི་ལག་རྩལ་ལ་སྐྱེ་སྟོབས་དང་ཉམས་འགྱུར་གྱིས་ཕྱུག་པར་བྱས་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)