དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་གི་རྒྱབ་ལྗོངས་དང་དོན་སྙིང་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-06

    ཆ་འཕྲིན་གྱི་ལག་རྩལ་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བ་དང་དེ་བཞིན་དུ་མཉམ་སྦྲེལ་དྲ་རྒྱ་བེད་སྤྱོད་ཆེས་ཆེ་བའི་དེང་འདིར། དྲ་རྒྱ་དེ་ཉིད་མི་རྣམས་ཀྱི་ཆ་འཕྲིན་དང་ལེན་དང་བསམ་བློ་སྤེལ་རེས་བྱེད་པའི་སྟེགས་བུ་གཙོ་བོ་ཞིག་ཏུ་གྱུར་ཡོད། དེར་བརྟེན་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་བྱེད་པ་དེ་མིག་སྔའི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་གྱི་གྲས་ཤིག་ཏུ་གྱུར་ཡོད། དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་བྱེད་པ་ནི་མི་སྒེར་གྱི་བྱ་སྤྱོད་ཀྱི་ཚད་གཞི་ཁོ་ན་མ་ཡིན་པར་སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་གྱི་མཚོན་ཚུལ་ཞིག་ཀྱང་ཡིན། དྭངས་གཙང་གི་དྲ་རྒྱའི་ཤེས་དཔལ་གྱིས་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཐུབ་པ་དང་། དྲ་རྒྱའི་བདེ་འཇགས་དང་གསར་སྤེལ། བེད་སྤྱོད་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་རྒྱུར་ཡང་སྐུལ་འདེད་ལེགས་པོ་གཏོང་ཐུབ། དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་དང་། དཔལ་ཡོན་དང་ཞི་མཐུན་ལྡན་པའི་དྲ་རྒྱའི་ཁོར་ཡུག་འཛུགས་སྐྱོང་བྱེད་པ་དེ་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་གྱུར་ཡོད། དཔྱད་རྩོམ་འདིའི་ནང་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་རྒྱས་བཤད་བྱས་པ་བརྒྱུད་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་གི་དོན་སྙིང་དང་རིན་ཐང་ལ་དབྱེ་ཞིབ་བྱས་ཏེ། འབྲེལ་ཡོད་ཀྱི་ཐབས་ཇུས་དང་བྱེད་ཐབས་བཏོན་ནས། དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱས་ཡོད།

    གཅིག དུས་རབས་གསར་པའི་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་གི་རྒྱབ་ལྗོངས།

    (༡)ཆ་འཕྲིན་དུས་རབས་ཀྱི་འཕེལ་རྒྱས།

    ཆ་འཕྲིན་དུས་རབས་ཀྱི་འཕེལ་རྒྱས་འོག དྲ་རྒྱའི་ལག་རྩལ་འཕེལ་རྒྱས་མྱུར་པོ་བྱུང་བ་མ་ཟད་ཁྱབ་གདལ་ཡང་ཆེན་པོ་བྱུང་ནས། དྲ་སྦྲེལ་དེ་ཉིད་མི་རྣམས་ཀྱི་ཆ་འཕྲིན་གྱི་འབྱུང་ཁུངས་དང་བསམ་བློ་སྤེལ་རེས་ཀྱི་སྟེགས་བུ་ཨང་དང་པོར་གྱུར་ཡོད། རིག་ནུས་ལག་ཐོགས་ཁ་པར་དང་གློག་ཀླད་སོགས་གློག་རྡུལ་སྒྲིག་ཆས་ཉིན་རེ་བཞིན་ཁྱབ་གདལ་འགྲོ་བའི་དེང་གི་དུས་འདིར་མི་རྣམས་ཀྱིས་ཡུལ་དུས་གང་རུང་ཞིག་ཏུ་དྲ་རྒྱ་བརྒྱུད་ཆ་འཕྲིན་སྣ་ཚོགས་ཐོབ་ཐུབ་པ་མ་ཟད། མི་གཞན་དང་དུས་ཐོག་ཏུ་འབྲེལ་གཏུག་དང་སྤེལ་རེས་ཡང་བྱེད་ཐུབ་ཀྱི་ཡོད། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་དང་དྲ་རྒྱའི་གླེང་སྟེགས། དྲ་ཐོག་སློབ་གསོ་སོགས་ཚང་མས་དྲ་རྒྱའི་བར་མཐོངས་བཀོལ་སྤྱོད་སྔར་བས་མང་དུ་བཏང་ནས། མི་རྣམས་ལ་སྔར་བས་ཕུན་སུམ་ཚོགས་ལ་སྟབས་བདེའི་ཆ་འཕྲིན་སྤེལ་རེས་དང་བརྒྱུད་སྤྲོད་ཀྱི་ཐབས་ལམ་བསྐྲུན་ཡོད་པས། དྲ་རྒྱ་དེ་མི་རྣམས་ཀྱི་འཚོ་བའི་ཕྱོགས་གང་ཅིར་ཁྱབ་ཡོད་ལ་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཀྱང་ཡིན།

    (༢)དྲ་རྒྱའི་བར་མཐོངས་ཀྱི་ཁྱད་ཆོས།

    དྲ་རྒྱའི་བར་མཐོངས་ལ་ལྡན་པའི་རྟོག་བཟོའི་རང་བཞིན་གྱིས་མི་རྣམས་ཀྱིས་དྲ་རྒྱའི་བར་མཐོངས་ཁྲོད་རང་ཉིད་ཀྱི་རྟོག་བཟོའི་ཐོབ་ཐང་གཏན་འཁེལ་བྱེད་ཐུབ་པ་དང་། དངོས་ཡོད་ཀྱི་འཇིག་རྟེན་དང་བསྡུར་ན་དྲ་རྒྱའི་བར་མཐོངས་ལ་དངོས་མིན་རང་བཞིན་དང་རྟོག་བཟོའི་རང་བཞིན་ལྡན་པས། དེས་མི་དང་མིའི་དབར་གྱི་འབྲེལ་གཏུག་དང་གསར་གཏོད་ལ་སྔར་ལས་ཡངས་པའི་སྟོང་ཆ་མཁོ་འདོན་བྱས་ཡོད། མི་སུ་འདྲ་ཞིག་ཡིན་རུང་དྲ་རྒྱའི་བར་མཐོངས་སུ་ཆ་འཕྲིན་དང་བསམ་འཆར་སྤེལ་ཆོག་པ་དང་། དེའི་སྒོ་འབྱེད་རང་བཞིན་གྱིས་ཆ་འཕྲིན་བརྒྱུད་སྤེལ་དང་བསམ་བློ་སྤེལ་རེས་ལ་སྟབས་བདེ་བསྐྲུན་ཡོད། དུས་མཚུངས་སུ་དེས་ད་དུང་ཆ་འཕྲིན་རྒྱ་ཁྱབ་ཏུ་འགྲོ་བ་དང་ཆ་འཕྲིན་ཁ་ཐོར་ཅན་སོགས་ཀྱི་གནད་དོན་ཐོན་གྱི་ཡོད་པས། ཕྱོགས་གཞན་ཞིག་ནས་དྲ་རྒྱའི་བར་མཐོངས་ཀྱི་གོ་ལ་ཧྲིལ་པོ་ཅན་དང་སྣ་མང་ཅན། རྙོག་འཛིང་ཅན་བཅས་ཀྱི་ཁྱད་ཆོས་ཀྱང་མངོན་བཞིན་ཡོད།

    གཉིས། དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་གི་དོན་སྙིང་དང་རིན་ཐང་།

    (༡)སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ།

    དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་དོན་སྙིང་གཏིང་ཟབ་ལྡན་ལ་རིན་ཐང་ཡང་ཆེན་པོ་ལྡན་ཡོད། གལ་ཆེ་ཤོས་ནི་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཤེས་དཔལ་ཅན་གྱི་དྲ་རྒྱའི་བར་མཐོངས་འཛུགས་སྐྱོང་བྱས་པ་བརྒྱུད་ནུས་ལྡན་གྱི་སྒོ་ནས་དྲ་ཐོག་གི་འགལ་ཟླ་ཐག་གཅོད་དང་། དྲ་རྒྱའི་གཏུམ་སྤྱོད་དང་དྲ་རྒྱའི་རྩོད་གཞི་སོགས་ཀྱི་གནད་དོན་ཉུང་དུ་བཏང་ནས་སྤྱི་ཚོགས་བརྟན་ལྷིང་ཐུབ་པ་བྱེད་དགོས། དྲ་རྒྱའི་ཤེས་དཔལ་གྱི་དར་སྲོལ་བཟང་པོ་དེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དུ་ཆགས་པ་དང་། དེས་མི་ཚོགས་མི་འདྲ་བའི་ཤེས་རྟོགས་དང་སྤེལ་རེས་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་འགལ་ཟླ་ཞི་བ། སྤྱི་ཚོགས་ཁ་ཕྲལ་གྱི་སྣང་ཚུལ་ཉུང་དུ་གཏོང་བ་བཅས་ལ་ཕན་ནུས་ལྡན་ཡོད། དེར་བརྟེན་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་བྱེད་པ་དེས་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པར་གལ་ཆེའི་དོན་སྙིང་དང་རིན་ཐང་ལྡན་ཡོད་ལ། སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་གལ་ཆེའི་གྲུབ་ཆ་ཞིག་ཀྱང་ཡིན།

    (༢)དྲ་རྒྱའི་བདེ་འཇགས་ལ་འགན་སྲུང་བྱེད་པ།

    ཆ་འཕྲིན་གྱི་དུས་རབས་འདིར་དྲ་རྒྱའི་བདེ་འཇགས་ཀྱི་གནད་དོན་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་དང་། ཆ་འཕྲིན་ཕྱིར་གྱར་དང་དྲ་རྒྱའི་ཕར་རྒོལ་སོགས་དྲ་རྒྱའི་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ཀྱིས་དྲ་རྒྱའི་བར་མཐོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་འཇིགས་སྐུལ་བཟོ་སྲིད། དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ན་དྲ་དམངས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་ཐུབ་པ་དང་། དྲ་དམངས་ལ་ཚད་ལྡན་དང་ཡ་རབས་ངང་དྲ་ཞུགས་བྱེད་པའི་གོམས་གཤིས་བཟང་པོ་ཆགས་པར་ཁྲིད་སྟོན། དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་སྔོན་འགོག་བཅས་བྱེད་ཐུབ། དེ་དང་ཆབས་ཅིག་དྲ་རྒྱའི་ཤེས་དཔལ་གྱི་རྣམ་པ་བཟང་པོ་དེས་དྲ་རྒྱའི་བརྙས་བཅོས་དང་དྲ་རྒྱའི་གཏུམ་སྤྱོད་སོགས་ཀྱི་སྣང་ཚུལ་ངན་པ་ཉུང་དུ་གཏོང་བར་ཕན་ཐོགས་ཡོད་ལ། དྲ་རྒྱའི་བར་མཐོངས་ཀྱི་སྒྲིག་ལམ་དང་ཞི་མཐུན་ལ་ཡང་ཕན་ཐོགས་ཆེན་པོ་ཡོད། གཞན་ཡང་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་གིས་དྲ་རྒྱའི་སྟེགས་བུའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་དང་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། དྲ་རྒྱའི་བར་མཐོངས་སྤྱི་ཡོངས་ཀྱི་བདེ་འཇགས་ཆུ་ཚད་གོང་མཐོར་གཏོང་བར་སྐུལ་འདེད་གཏོང་ཐུབ། དེར་བརྟེན་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་གིས་དྲ་རྒྱའི་བདེ་འཇགས་འགན་ལེན་བྱེད་པར་དོན་སྙིང་དང་རིན་ཐང་གལ་ཆེན་ལྡན་ཡོད་ལ། བདེ་འཇགས་དང་བརྟན་ལྷིང་གི་དྲ་རྒྱའི་ཁོར་ཡུག་བསྐྲུན་རྒྱུའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན།

    (༣)དྲ་རྒྱའི་འཕེལ་རྒྱས་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ།

    དྲ་རྒྱའི་ཤེས་དཔལ་གྱི་དར་སྲོལ་བཟང་པོ་དེས་དེ་བས་མང་བའི་དྲ་དམངས་དྲ་རྒྱའི་བྱེད་སྒོར་ཞུགས་པའི་ཡིད་དབང་བཀུག་ནས། དྲ་རྒྱའི་སྡེ་ཁུལ་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་སྟེ། གཅིག་ནས་ཡང་དག་པའི་སྣེ་ཁྲིད་ལ་བརྟེན་ནས་དྲ་རྒྱ་སྤྱོད་པའི་གོམས་གཤིས་བཟང་པོ་འཇགས་པ་དང་དྲ་དམངས་ཀྱི་མཉམ་ཞུགས་བྱེད་ཚད་མཐོ་རུ་བཏང་ནས་དྲ་རྒྱའི་ནང་དོན་ཕུན་སུམ་ཚོགས་པོ་དང་སྣ་མང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། དྲ་རྒྱའི་བཀོལ་སྤྱོད་དང་ཞབས་ཞུ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་གསར་གཏོད་ཐུབ་པ་བྱེད་དགོས། གཉིས་ནས་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེས་དྲ་རྒྱའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་པ་དང་། དྲ་རྒྱའི་ཐོན་ཁུངས་བེད་སྤྱོད་བྱེད་པའི་ཕན་འབྲས་དང་རིན་ཐང་ཆེ་རུ་གཏོང་བ། དྲ་རྒྱའི་ལག་རྩལ་དང་སྟེགས་བུ་འཐུས་ཚང་དུ་གཏོང་བ་བཅས་ལ་ཕན་ནུས་ཐོན་ཐུབ་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དྲ་རྒྱའི་ཉེར་སྤྱོད་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་དང་དྲ་དམངས་ཀྱི་སྣ་མང་དགོས་མཁོ་སྐོང་རྒྱུར་ཡང་ཕན་ཐོགས་ཆེན་པོ་ལྡན་ཡོད། གཞན་ཡང་དྲ་རྒྱའི་ཤེས་དཔལ་གྱི་དར་སྲོལ་བཟང་པོས་ད་དུང་ནུས་ལྡན་གྱི་ཆ་འཕྲིན་བརྒྱུད་སྤེལ་དང་མཉམ་སྤྱོད་ལ་སྐུལ་འདེད་གཏོང་ཐུབ་པ་དང་། མི་དང་མིའི་དབར་གྱི་འབྲེལ་གཏུག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་བྱ་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐྱེ་སྟོབས་དང་སྒུལ་ཤུགས་གསར་པ་སྦྱིན་ཐུབ། དེར་བརྟེན་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་གིས་དྲ་རྒྱའི་འཕེལ་རྒྱས་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བར་དོན་སྙིང་དང་རིན་ཐང་གལ་ཆེན་ལྡན་པ་དང་། དུས་མཚུངས་སུ་སྒོ་དབྱེ་དང་ཁོང་ཡངས། དྲ་རྒྱའི་བར་མཐོངས་མཉམ་སྤྱོད་བཅས་ཀྱི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན།

    མདོར་ན། ཆ་འཕྲིན་གྱི་དུས་རབས་འོག་དྲ་རྒྱ་དེ་མི་རྣམས་ཀྱི་འཚོ་བ་དང་ལས་ཀའི་ཁྲོད་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས་དེས་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་ཤུགས་རྐྱེན་གལ་ཆེན་ཐེབས་བཞིན་ཡོད། དྲ་རྒྱའི་ཤེས་དཔལ་གྱི་དར་སྲོལ་བཟང་པོ་དེས་དྲ་རྒྱའི་བར་མཐོངས་ཀྱི་སྤུས་ཚད་ཡག་ཏུ་གཏོང་བར་ཕན་ཐོགས་ཡོད་ལ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས་བཅས་ཡོང་བར་ཡང་སྐུལ་འདེད་གཏོང་ཐུབ། དྲ་དམངས་རྣམས་ལ་ཡང་དག་པའི་དྲ་རྒྱ་བཀོལ་སྤྱོད་དང་རིན་ཐང་གི་ལྟ་བ་འཛིན་ཕྱོགས་གཏན་འཁེལ་བྱེད་པ་དང་། དྲ་རྒྱའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དྲ་རྒྱའི་བར་མཐོངས་དེ་སྐྱོན་བྲལ་དང་གོ་རིམ་ལྡན་པ། བདེ་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བ་བྱེད་དགོས། དེར་བརྟེན་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་བྱེད་པ་ནི་སྤྱི་ཚོགས་ཡོངས་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་ལ། དྲ་དམངས་ཡོངས་ཀྱི་འགན་འཁྲི་ཡང་ཡིན་པས། སྤྱི་ཚོགས་ཡོངས་ཀྱིས་སྟོབས་ཤུགས་ཡོད་རྒུས་ཞི་མཐུན་སྐྱོན་བྲལ་གྱི་དྲ་རྒྱའི་སྐྱེ་ཁམས་ཁོར་ཡུག་ཅིག་བསྐྲུན་ན་གཞི་ནས་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་དེ་སྐས་རིམ་གསར་པ་ཞིག་ཏུ་བསླེབས་ཐུབ་ལ། དྲ་རྒྱའི་བར་མཐོངས་ཀྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་བཟང་པོ་དེ་ཡང་མངོན་འགྱུར་ཐུབ་ངེས་རེད།

    (བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་ཚེ་རིང་ཆོས་སྒྲོན་ནས)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།