ས་སྲོས་ཀྱི་ཁ་བ།
གྱང་ཆག
ཁ་བ་ལྷོད་ཀྱིས་འབབ་ཅིང་རེག་བྱ་ཤིན་ཏུ་འཇམ་པའི་རླུང་བུ་དལ་བུར་ལྡང་བའི་ས་སྲོས་ཤིག་ལ། བྱ་གླག་ཅིག་ངའི་ཕ་ཡུལ་གྱི་ནམ་མཁའི་མཐོངས་སུ་འཕུར་བཞིན་མཆིས། ངས་བྱ་གླག་གི་འཕུར་སྟངས་ལ་བལྟས་པ་ནས་བཟུང་། ངའི་ཁེར་རྐྱང་གི་ནམ་མཁའ་ཇེ་ཆེར་ཕྱིན། འོ། དེ་ནི་དྲན་ངོགས་སུ་འཛུམ་པའི་ཕྱིར་དྲན་ཞིག་རེད། དེ་དུས་ང་རང་སེམས་ལ་སྐྱོ་ངལ་མེད་པའི་བྱིས་པ་ཞིག་ཡིན། ཁ་བ་ལྷོད་ཀྱིས་འབབ་པའི་ས་སྲོས་དེར། ངས་གློ་བར་དུ་ཆུང་དུས་ཀྱི་རང་ཉིད་དང་བྱ་གླག་ཁེར་འཕུར་དེ་དྲན་འོང་། ཁ་བ་དང་བསིལ་རླུང་གི་གཏམ་རྒྱུད་འཚེར་བའི་ས་སྲོས་འདིར། ང་རང་རྫ་ཆུ་སྔོན་མོ་དང་ཐག་མི་རིང་བའི་རྫོང་མཁར་གྱི་སྲང་ལམ་ཞིག་ཏུ་ཡོད། ཁ་བའི་འདབ་མ་རེ་རེ་སར་ཟགས་པའི་སྒྲ་ལ་ཉན་ན། ངས་ཚོད་ཚོད་ལ་ཨོང་བའི་མེ་དྲོད་དང་སྦྲ་ནག་གི་མཁའ་ནས་འཕྱུར་བའི་སྔོ་ལྷོག་ལྷོག་གི་དུ་བ་དྲན་འོང་། ཐག་རིང་གི་འབྲོག་སྡེ་དང་སྒོ་ཁྱིའི་ཟུག་སྐད་ཚོར་འོང་།
སྐབས་དེར། ངས་ཕ་ཡུལ་གྱི་ས་སྲོས་དང་འབྲེལ་བའི་གཏམ་རྒྱུད་མང་པོར་རྟོག་བཟོ་བྱས། ས་སྲོས་ཀྱི་ཁ་བ་ལས་འཕྲོས་པའི་སྙན་ངག་རིང་མོ་ཞིག་བློས་བསླངས་བྱས། ས་སྲོས་ཀྱི་ཕ་ཡུལ་ནི་ཧ་ཅང་ལྟ་ན་སྡུག ས་སྲོས་ཀྱི་ཕ་ཡུལ་ལ་ཞིབ་ལྟ་བྱེད་པ་ནི། བྱིས་དུས་ཀྱི་འཛུམ་མདངས་ཀློག་སྟངས་ཤིག་རེད། ཡང་ན་བརྗེད་ངས་ཀྱི་གཏམ་རྒྱུད་དྲན་སྟངས་ཤིག་རེད། ཕ་ཡུལ་གྱི་ས་སྲོས་ཁོ་ན་དྲན་ཤེས་ཀྱི་གཤོག་འོག་ཏུ་སྦྲུམ་པའི་ཆུང་དུས་ཀྱི་རྨི་ལམ་རིང་མོ་ཞིག་རེད། ལོ་ཟླའི་དགའ་སྐྱོ་ཡི་རྐང་རྗེས་ལས་བཞད་པའི་གཏམ་རྒྱུད་སྨུག་པོ་དང་། བདེ་སྐྱིད་ཀྱི་ཉིན་ཐོ་རུ་སྨིན་པའི་བྱིས་དུས་ཀྱི་དགོད་སྒྲ་དེ་རེད།
ས་སྲོས་ལ་ཁ་བ་བབས་སོང་། ས་སྲོས་ཀྱི་ཁ་བ་ནི་དྲན་གདུང་གི་མངལ་དུ་འཚེར་བའི་ཡིག་འབྲུ་རེ་རེ་དང་འདྲ་བར། ངའི་སེམས་ཀྱི་ཟབ་སར་ལྗིད་ཏིག་ཏིག་གིས་ཟགས་ཤིང་། སྐད་ཆས་མཚོན་དཀའ་བའི་གསང་བ་མཐའ་དག་གི་མངའ་ཐང་བསྒུལ། ས་སྲོས་ལ་ཁ་བ་བབས་སོང་། ཏག་ཏག་སྐབས་དེར་ངས་སྙིང་དུ་སྡུག་པའི་བྱིས་དུས་ཀྱི་ལོ་ཟླ་སྣུམ་པོ་བསྐྱལ་ས་སྟེ། ཆུང་དུས་ཀྱི་རྐང་རྗེས་དཔར་སའི་རྩྭ་ཐང་གི་ཁོད་ཡངས་དང་སྒམ་བརླིང་གི་རི་བོ། ད་དུང་འབྲོག་ཐང་ལ་ཡོད་པའི་སྤུན་ཟླ་ཡི་ངོ་གདོང་དྲན་བྱུང་། དྲན་འོས་པ་མང་པོ་ཞིག་སྙིང་གི་འཕར་ལྡིང་དང་འདྲེས་རྗེས། ཕ་ཡུལ་ལ་ལྡོག་འདོད་ཀྱི་འདུན་པ་ཇེ་ཆེར་གྱུར།
སེམས་ཀྱི་སྐྱོ་ངལ་ཡོད་ཚད་ལོགས་སུ་བསྐྱུར་ནས། ས་སྲོས་ཀྱི་ཁ་བ་ཁོ་ནར་སེམས་པ་གླན་ན། ཞོ་ལྟར་ལྷིང་བའི་འབྲོག་ཐང་ལ་བསླེབས་པ་ལྟ་བུའི་ཚོར་སྣང་ཞིག་ཡིད་མཁའ་རུ་འབུས་འོང་། ཁ་བ་དལ་གྱིས་འབབ་པའི་ས་སྲོས་དེར། ང་རང་འབྲོག་ཐང་དུ་ལྡོག་ན་འདོད། འབྲོག་ཐང་གི་སྤུན་ཟླ་དང་ལྷན་དུ་འབྲོག་ཐང་གི་ཉི་ནུབ་དང་ས་སྲོས་ཀྱི་ཁ་བ་ལ་ཡང་ཡང་ལྟ་འདོད།