དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • གསའ་རོ་དང་བྱིས་དུས།

    རིན་ཆེན་དར་དགའ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-03

    མི་ཚེ་ཟེར་བ་འདི་སྒྲུང་རིང་ཞིག་དང་མཚུངས་ན། བྱིས་དུས་ཀྱི་འཚོ་བ་ནི་དེའི་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་འདུག ཁུ་སིམ་པའི་མཚན་མོ་རེ་རེར། མགོ་བོ་སྔས་ལ་བསྙེས་ནས་ཕྱིར་དྲན་གྱི་གཞུ་མོ་ནང་དུ་བཀུག་ཚེ། འདས་ཟིན་པའི་བྱིས་དུས་ཀྱི་དོན་དག་འགའ་ཝ་ལེར་ཡིད་ཀྱི་ནམ་མཁའ་རུ་སྐར་ཚོམ་བཞིན་འཛུམ་འོང་། དེ་དུས་བདག་ལ་རྒྱང་རིང་ཟེར་བ་ཞིག་མེད་ལ། ཕུགས་བསམ་ཟེར་བ་ཞིག་དེ་བས་ཀྱང་མ་མཆིས། འོན་ཀྱང་། ཁོ་བོ་ཆེས་དགའ་ཤོས་དང་ཆེས་འཐོབ་འདོད་པ་ནི་རྐང་འཁོར་ཁོ་ན་ལགས།

    ཉི་འོད་ལམ་ལམ་དུ་བཀྲ་བའི་དབྱར་དུས་ཀྱི་ཉིན་དེར། ང་དང་གཅེན་མོ་རི་འདབས་སུ་ལུག་འཚོ་བའི་སྐབས། གློ་བུར་དུ་མིག་རྒྱང་རིང་མིན་ཐུང་མིན་གྱི་གྲོག་ཤུར་ཞིག་ན། གསའ་ལྟོ་བ་དཀར་པོ་ཞིག་འཕྲེད་དུ་ཉལ་ཡོད་སྣང་ཤར། ངེད་གཉིས་ཀྱིས་དངངས་སྐྲག་གིས་ཇི་ཙམ་བལྟས་ཀྱང་གསའ་དེས་དེ་ཙམ་གྱིས་ངེད་གཉིས་ལ་ཅེར་འདུག དེས་མཚམས་རེར་གཡོ་ཙམ་དང་ལན་རེར་འགུལ་ཙམ་བྱེད་ཀྱིན་འདུག ཡང་སྐབས་རེར་གཡོ་འགུལ་ཅི་ཡང་མེད་པས་མཐར་ངེད་གཉིས་པོས་དེ་ནི་གསའ་རོ་ཡིན་པར་ཁ་འཆམ།

    དེ་སྔོན། ངེད་གྲོང་ཚོའི་ཁུལ་དུ་གསའ་ཡི་པགས་པར་རིན་གོང་མཐོ་པོ་རག་ཚུལ་གླེང་། དེ་རིང་སྟེས་དབང་གིས་རིན་གོང་མཐོ་བའི་གསའ་རོ་ཞིག་རྙེད་སོང་སྙམ་སྟེ། ངེད་གཉིས་ལ་འཇིགས་སྣང་དང་སྤྲོ་སྣང་གི་ཚོར་བ་ཞིག་ཅིག་ཅར་དུ་སྐྱེས། ཡིན་ནའང་། ངེད་གཉིས་ལ་གསའ་རོ་དང་གོམ་གསུམ་ཉེ་བར་བཅར་བའི་བློ་ཁོག་དང་སྤོབས་པ་ཞིག་གཏན་ནས་མི་འདུག དེ་ལྟར། འཕྲལ་མར་རི་འགོ་ནས་རྦབ་རྡོ་འགྲིལ་བ་ལྟར་ཁྱིམ་དུ་ལོག་ནས་གསའ་ཤི་བའི་གནས་ཚུལ་དེ་ནང་མིར་བཤད་པས། ཁྱིམ་ལས་ཙག་ཙིག་གི་ཀློང་དུ་འདུར་བའི་སྲུ་མོས་ཁྱོད་གཉིས་མིག་འཁྲུལ་བ་མིན་ནམ་ཞེས་བཤད་ཀྱང་། ངེད་གཉིས་ཀྱིས་ཡིད་མ་ཆེས་ན་བལྟ་བར་འགྲོ་ཞེས་ཨུ་ཚུགས་ཀྱིས་མོ་རང་ཁྲིད་དེ་སླར་ཡང་རི་འདབས་སུ་སོང་། གདོང་པགས་མཐུག་པའི་ཁོ་བོས་གསའ་རོ་དེ་ཐོག་མར་མཐོང་མཁན་ང་རང་ཡིན་པས། དེའི་པགས་པ་བཙོངས་ནས་རྐང་འཁོར་ཞིག་ཉོ་བའི་འཆར་གཞི་དེ་ཁོང་གཉིས་ལ་སྨྲ་བར་ཐལ་ཞིང་། ཁོང་གཉིས་པོས་ཀྱང་དེ་ལྟར་བྱ་རྒྱུའི་མོས་མཐུན་གནང་།

    དེ་རྗེས་ང་ཚོ་གསའ་མཐོང་སའི་གནས་དེར་སླེབས་བྱུང་། གསའ་རོ་དེ་སྔར་ལྟར་ཕ་གི་ན་ཧྲེང་ཧྲེང་དུ་གནས་འདུག སྲུ་མོས་གསའ་རོ་གང་ན་འདུག་ཟེར་བས། ངེད་གཉིས་ཀྱིས་མཛུབ་མོ་ཀེར་ནས་ཕ་གི་ན་འདུག་ཟེར་བ་ཡིན། སྲུ་མོས་གསའ་རོ་དེ་མཐོང་རྗེས་གད་མོ་ཤོར་ནས་མིག་མཐར་མཆི་མའང་འཁོར་འདུག ཡུད་ཙམ་འདས་རྗེས་སྲུ་མོས་དེ་ནི་རྡོ་ཕ་བོང་ཞིག་ཡིན་སྐད་བརྗོད་དེ། རེ་ཞིག་ཧུ་ཧུ་ཞེས་དགོད་མཚམས་མ་ཆད། དེ་ལྟར་ཁོ་བོའི་འཆར་གཞི་དང་རེ་ལྟོས་ཀྱང་སྲུ་མོའི་དགོད་སྒྲ་དང་ལྷན་དུ་འཇའ་བཞིན་ཡལ།

    དུས་དེ་ནས་བཟུང་། གསའ་ཡི་སྐོར་གླེང་ཐེངས་རེར། ནང་མིས་དགོད་སྒྲའི་ཁྲོད་ངེད་གཉིས་པོས་གསའ་རོ་རྙེད་རབས་གླེང་ལ། དུས་དེ་ནས་བཟུང་། བྱིས་དུས་གླེང་སྐབས། གསའ་རོ་རྙེད་པའི་དོན་དེ་ཡང་ངང་གིས་འཆར། ཨེ་མ། ང་ཡི་བྱིས་དུས་ཨང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།