བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ལོ་བཅུའི་འཕོ་འགྱུར་སྐོར་ཕྲན་བུ་གླེང་བ།
བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནི་1993ལོའི་ཟླ10པར་བསྐྲུན་པ་དང་། 1996ལོའི་ཟླ་6པར་དངོས་སུ་ཕྱི་ཕྱོགས་ལ་སྒོ་ཕྱེ་ནས་ཀློག་པ་པོར་ཞབས་འདེགས་ཞུ་འགོ་བརྩམས་པ་རེད། དཔེ་མཛོད་ཁང་འདི་ནི་བོད་རང་སྐྱོང་ལྗོངས་ཀྱི“བརྒྱད་ལྔའི”རྣམ་གྲངས་ཁོངས་སུ་གཏོགས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་1843ཙམ་བཏང་ཡོད། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཆིག་ཁྲི་ཆིག་སྟོང་ཙམ་ཟིན་པ་དང་། རྒྱལ་ཡོངས་ནས་སྒོ་ཕྱེ་ཕྱི་ཤོས་ཀྱི་ཞིང་ཆེན་རིམ་པའི་དཔེ་མཛོད་ཁང་ཞིག་རེད། སྔ་རྗེས་སུ“རྒྱལ་ཡོངས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གྲྭའི་བོད་རང་སྐྱོང་ལྗོངས་ཡན་ལག་ལྟེ་གནས”དང“བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས”བཙུགས་ཡོད། ལོ་བཅུའི་རིང་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་རྨང་གཞིའི་འཛུགས་སྐྲུན་དང་། ཞབས་འདེགས་ཀྱི་ནུས་པ། ཐོན་ཁུངས་འཛུགས་སྐྲུན། དཔེ་ཀློག་ཁྱབ་གདལ། གྲངས་གཞིའི་ཞབས་འདེགས། གནའ་དཔེ་སྲུང་སྐྱོབ་དང་རིགས་གཞུང་ལྷན་ཚོགས་མཉམ་ལས་སོགས་གང་ས་ཅི་ཐད་ནས་ཡར་རྒྱས་དང་འཕོ་འགྱུར་ཆེན་པོ་ཕྱིན་ཡོད།
དང་པོ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཕྱིན་པ།
2012ལོར“དམངས་ཡོངས་དཔེ་ཀློག”ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་དུ་འཁོད་པ་ནས་བཟུང་། དེ་རྗེས་ཀྱི་ལོ་བཅུ་བསྟུད་མར་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དམངས་ཡོངས་དཔེ་ཀློག་ལ་བསྐུལ་བའི་གལ་ཆེའི་རང་བཞིན་ལ་གཞུང་ཕྱོགས་ནས་མཐོང་ཆེན་དང་དྲིལ་བསྒྲགས་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་དཔེ་མཛོད་ཁང་གི་མཁས་དབང་རྒན་གྲས་ལ་སྤྲིངས་པའི་འཕྲིན་ལན་ནང་དུ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ནས། ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་དགོས་པ་དང་། དམངས་ཡོངས་དཔེ་ཀློག་ལ་བསྐུལ་ཏེ་མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལྷག་པར་བསྐངས་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་ཡོད།
གཉིས་པ། རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ།
རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ད་ཡོད་ཀྱི་བཀོད་པ་ནི་དུས་རབས་20པའི་ལོ་རབས་90དུས་འགོའི་རྣམ་པ་ཡིན་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྤྱི་པའི་དཔེ་མཛོད་ཁང་གི་གྲས་ནས་དཔེ་མཛོད་ཁང་ཆུང་ཤོས་དེ་རེད། དཔེ་མཛོད་ཁང་གི་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་དེ་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་དུ་བཅུག་ནས། རྒྱལ་ཁབ་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི་1800བཏང་སྟེ་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པས་རྨང་གཞིའི་སྒྲིག་བཀོད་སོགས་གང་ས་སྤྱི་ཐད་ནས་འཐུས་སྒོ་ཚང་པོ་བྱུང་བ་མ་ཟད། འཛུགས་སྐྲུན་རྒྱ་ཁྱོན་ལའང་ཐོག་མའི་སྨི་ངོས་གྲུ་ཁྲི་1.1ནས་སྨི་ངོས་གྲུ་ཁྲི་1.15བར་རྒྱ་བསྐྱེད་བྱུང་ཡོད་ལ། ལོ་རེར་ཀློག་པ་པོར་སྣེ་ལེན་ཞུ་ཚད་ཆ་སྙོམས་མི་གྲངས་ཐོག་མའི་མི་ཐེངས་ཁྲི་3.5ནས་མི་ཐེངས་ཁྲི་16ལ་འཕར་ཡོད། ཞབས་འདེགས་ཀྱི་དུས་ཡུན་ཡང་གཟའ་འཁོར་རེར་ཆུ་ཚོད་36ནས་63བར་རིང་དུ་བཏང་བ་དང་། ཡིག་ཚང་གཡར་དེབ་ཁ་གྲངས་ཀྱང་5000ནས་ཁྲི་1.6བར་འཕར་ཡོད། ཀློག་པ་པོའི་ཞབས་ཞུའི་སྤུས་ཚད་དང་ཞབས་ཞུའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་སྔ་རྗེས་སུ་སློབ་གྲྭ་དང་། ལས་ཁུངས་ཚན་པ་ཁག དེ་བཞིན་བཙོན་ཁང་དང་དགོན་སྡེ་ཁག་ལ་ཡན་ལག་དཔེ་མཛོད་ཁང16དང་། ཡན་ལག་གནའ་དཔེ་ཁང12ལྷག་ཙམ། དཔེ་མཛོད་ཞབས་ཞུའི་ས་ཚིགས་172བཅས་བཙུགས་ནས་སྤྱི་པའི་དཔེ་མཛོད་ཁང་གི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིང་ཡོད།
གསུམ་པ། དཔེ་མཛོད་ཁང་གི་ཡིག་ཚང་ཕུན་སུམ་ཚོགས་སུ་བཏང་བ།
ལོ་བཅུའི་རིང་། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཤེས་དཔལ་རྒྱུན་འཛིན་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་དེ་དཔེ་མཛོད་ཁང་འཛུགས་པའི་དམིགས་ཡུལ་གཙོ་བོར་བཟུང་ནས་དཔེ་དེབ་ཉོ་སྒྲུབ་དང་། བསྡུ་ཉར། སྤྱི་ཚོགས་ཐོག་ནས་དཔེ་དེབ་སློང་བ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་སྲོལ་རྒྱུན་ཡིག་ཚང་དང་གྲངས་གཞིའི་ཆ་འཕྲིན་ཐོན་ཁུངས་ཕྱོགས་གཉིས་ཀྱི་མཛོད་ཉར་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་ཡོད། ད་ལྟ་གཞི་རྒྱ་དང་སྒྲིག་གཞི་ཅུང་འཐུས་སྒོ་ཚང་བའི་བོད་ཀྱི་ཁྱད་ཆོས་ལྡན་པའི་ཡིག་ཚང་ཐོན་ཁུངས་བང་མཛོད་ཅིག་ཆགས་ཡོད་པ་མ་ཟད། ལོ་རེའི་དཔེ་དེབ་ཉོ་སྒྲུབ་ཀྱི་མ་དངུལ་ཡང་དེ་སྔོན་གྱི་ཁྲི་100ནས་ཁྲི་300ལ་འཕར་ཡོད་པས། ལོ་རེའི་ཡིག་ཚང་གསར་པའི་གྲངས་འབོར་འཕར་སྣོན་ལ་འགན་ལེན་ཐུབ་ཡོད། མིག་སྔར་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི་50ལྷག་ཟིན་ཡོད་ཅིང་། དེ་ཁྲོད་ནས་བོད་ཡིག་དཔེ་དེབ་ཁྲི་1.5ཙམ་དང་། དུས་དེབ་རིགས་1016དང་ཚགས་པར་རིགས་246ཟིན་པ་མ་ཟད། མཛོད་ཉར་གློག་རྡུལ་དཔེ་དེབ་ཁྲི་30ལྷག་ཙམ་དང་། གློག་རྡུལ་དུས་དེབ་དང་ཚགས་པར་རིགས་3600ཙམ་ཟིན་ཡོད། དཔེ་མཛོད་ཁང་ནས་བཟོས་པ་དང་ཕྱི་ཕྱོགས་ནས་ཉོ་སྒྲུབ་བྱས་པའི་གྲངས་གཞིའི་ཐོན་ཁུངས་ཤོང་ཚད་ཧ་ལམ་TB30ཙམ་ཟིན་གྱི་ཡོད། དེ་བཞིན་བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་དང་བོད་ཀྱི་དམངས་ཁྲོད་ཞབས་བྲོ། གླིང་སྒྲུང་། བོད་ཀྱི་ལག་ཤེས་སྒྱུ་རྩལ་ཀུན་འདུས་ཆེ་མོ། གསོ་བ་རིག་པ་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་ཁག་27དང་། ཚུ་ཚོད་4169ལྷག་ཙམ་ཟིན་པའི་གྲངས་ཉུང་མི་རིགས་ཀྱི་སྐད་གཉིས་ཡིག་སྒྱུར་ཐོན་ཁུངས་མཛོད་བཙུགས་ཡོད། གནའ་དཔེ་དང་ས་གནས་ཡིག་ཚང་གྲངས་གཞི་ཅན་གྱི་ལས་ཀ་བསྟུད་མར་འགོ་བཙུགས་ནས་ད་བར་ཁྱོན་གནའ་དཔེ་པོད་610སྟེ་ཤོག་གྲངས་67147དང་ས་གནས་ཡིག་ཚང་ཤོག་གྲངས་ཁྲི་27.5ཙམ་གྲངས་འཛིན་ཅན་དུ་བཟོས་པ་དང་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་བོད་ཡིག་ཀློག་དེབ་གྲངས་མཛོད་བསྐྲུན་ཏེ་ཕྱོགས་གང་ཐད་ནས་ཡིག་ཚང་གི་ཐོན་ཁུངས་སྣ་ཚོགས་ལེགས་སྒྲིག་དང་ཉར་ཚགས་བྱས་ཏེ་ཁྱད་ལྡན་གྱི་མཛོད་ཉར་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
བཞི་པ། དཔེ་ཀློག་ཁྱབ་གདལ་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
ལོ་བཅུའི་རིང་བོད་ཀྱི་ཁྱད་ཆོས་མངོན་གསལ་དོད་ལ་རྒྱ་ཆེའི་ཀློག་པ་པོས་ཧ་ཅང་དགའ་པོ་བྱེད་པའི་བྱེད་སྒོ་སྣ་མང་སྤེལ་གྱིན་ཡོད། མིག་སྔར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་བྱེད་སྒོའི་ཁྲོད་ནས། འཆད་ཁྲིད་མུན་སེལ་སྒྲོན་མེ་དང་། དཔེ་ཀློག་གིས་མ་འོངས་བསུ་ཞེས་པའི་དཔེ་ཀློག་མཉམ་བྲེལ་ཚོགས་པ། དཔེ་ཀློག་མར་སུན་སོགས་རང་ལྗོངས་སུ་ཅུང་གྲགས་ཆེ་ཞིང་ཀུན་གྱིས་དགའ་པོ་བྱེད་པའི་བྱེད་སྒོར་གྱུར་ཡོད། བྱིས་པའི་དཔེ་ཀློག་བྱེད་སྒོའི་ཁྲོད་ཨ་ཅག་གིས་སྒྲུང་ཤོད་པའི་བྱེད་སྒོ་དང་། དཔེ་མཛོད་དོ་དམ་པ་ཆུང་ཆུང་། བོད་ལྗོངས་དཔེ་མཛོད་ཁང་ལ་སྐྱོད་པ་བཅས་ཡོད། ད་དུང་དབང་པོ་སྐྱོན་ཅན་ལ་ཁ་ཕྱོགས་པའི་བྱེད་སྒོ་སྟེ་དཔེ་ཀློག་གིས་འོད་སྣང་སྦྱིན་སོགས་ཡོད། དཔེ་ཀློག་ཁྱབ་གདལ་གྱི་བྱེད་སྒོ་ཡང་དེ་སྔོན་གྱི་ལོ་རེའི་ཐེངས་30ནས་ད་ལྟའི་ཐེངས་156བར་མང་དུ་སོང་ཡོད།
ལྔ་པ། རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་བཏང་བ།
ལོ་བཅུའི་རིང་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ལས་འགན་གལ་ཆེན་དང་དུ་བླངས་ཏེ། ལྗོངས་ཡོངས་ཀྱི་གནའ་དཔེ་ཡོངས་བཤེར་དང་། གནའ་དཔེ་ཉམས་གསོ་དང་བེད་སྤྱོད། གནའ་དཔེ་གྲངས་འཛིན་ཅན། གནའ་དཔེ་ཡོངས་བཤེར་གསོ་སྦྱོང་བཅས་ཀྱི་ལས་དོན་ཕྱོགས་གང་ཐད་ནས་འབད་པ་ཧུར་གྱིས་བླངས་ཡོད། 2011ལོར་བོད་རང་སྐྱོང་དཔེ་མཛོད་ཁང་དུ་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་སྒོ་བྱང་བཀལ་ནས་ལྗོངས་ཡོངས་ཀྱི་གནའ་དཔེ་ཡོངས་བཤེར་གྱི་ལས་དོན་འགོ་བརྩམས་ཤིང་། ད་བར་རང་ལྗོངས་ཀྱི་གྲོང་ཁྱེར་དང་ཁུལ་ཁག་གི་དགོན་སྡེ་དང་གནའ་དཔེ་ཉར་ཚགས་ཚན་པ་1160ཙམ་དང་མི་སྒེར་102བཅས་ཀྱི་གནའ་དཔེ་པོད་གྲངས་ཁྲི་1.8ཙམ་ལ་ཡོངས་བཤེར་ཐོ་བཀོད་བྱས་ཏེ་སྤྱིའི་ཆ་ནས་རང་ལྗོངས་ཀྱི་གནའ་དཔེ་ཡོངས་བཤེར་གྱི་ལས་དོན་ལེགས་གྲུབ་བྱུང་ཡོད། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་སྙན་ཞུ་ཕུལ་བ་བརྒྱུད་ལྗོངས་ཡོངས་ཀྱི་གནའ་དཔེ་པོད་གྲངས་305རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང་དུ་ཚུད་པ་དང་། གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་བརྩམས་ཆོས་པར་སྐྲུན་གྱི་ལས་དོན་ལའང་གྲུབ་འབྲས་མི་དམན་པ་ཐོབ་ཡོད་དེ། “གངས་ལྗོངས་ཀྱི་ཁྱད་ནོར། བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དང་པོ། གཉིས་པ། གསུམ་པ་བཅས་ཀྱི་རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་ཐོ་རྒྱ་བོད་ཤན་སྦྱར་པར་རིས”དང་། “བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་བོད་ཡིག་གནའ་དཔེའི་སྤྱིའི་དཀར་ཆག གསུང་འབུམ་སྐོར”སོགས་གནའ་དཔེའི་འབྲེལ་ཡོད་བརྩམས་ཆོས་བཅུ་ལྷག་ཙམ་པར་སྐྲུན་བྱས་ཡོད། བོད་ལྗོངས་ཀྱི་གནའ་དཔེ་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་ཞབས་འདེགས་སྒྲུབ་མུས་ཡིན་པ་མ་ཟད། དཔེ་མཛོད་ཁང་དུ་རྩ་ཆེའི་གནའ་དཔེ་པོད་གྲངས་ཁྲི་1.3ཙམ་ཉར་ཚགས་བྱས་ཡོད་ལ། རྒྱ་ཆེའི་ཀློག་པ་པོར་དཔྱད་གཞིར་མཁོ་འདོན་བྱེད་མུས་ཀྱང་ཡིན།
(བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་བཀྲ་ཤིས་དབང་གྲགས)