དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ལྷ་ས། ལྷ་ས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དོལ་ཟླ་བ་བཟང་པོ།   |     སྤེལ་དུས།  2024-10-29

    དཀར་དཀར་གངས་རིས་བསྐོར་བའི་ལྷ་ས། །

    ས་གཞི་སྣུམ་ཞག་དོད་པའི་ལྷ་ས། །

    ཉི་འོད་ལམ་ལམ་འཚེར་བའི་ལྷ་ས། །

    མཚན་ཆར་ཟིམ་ཟིམ་འབབ་པའི་ལྷ་ས། །

    ཤང་ཤང་ཆུ་མོ་རྒྱུག་པའི་ལྷ་ས། །

    ངང་རྒྱུད་དར་སྣེ་བསྲིངས་པའི་ལྷ་ས། །

    སྔོ་ལྗང་ཤིང་སྣ་རྒྱས་པའི་ལྷ་ས། །

    སྐྱེད་ཚལ་ལྡུམ་ར་ལྟ་བུའི་ལྷ་ས། །

    ལྷག་བསམ་མར་ཁུ་འཁྱིལ་བའི་ལྷ་ས། །

    བྱམས་དང་སྙིང་རྗེས་ཕྱུག་པའི་ལྷ་ས། །

    རྣམ་དཔྱོད་ཤེས་རབ་ཡངས་པའི་ལྷ་ས། །

    འབྲོག་ལས་ཞིང་ལས་དར་བའི་ལྷ་ས། །

    གནའ་དེང་ཕྱག་རྒྱུན་དར་བའི་ལྷ་ས། །

    འབྲུ་དྲུག་མགོ་ལྕོག་ལྡེམ་པའི་ལྷ་ས། །

    མི་ཆོས་རིག་གནས་དར་བའི་ལྷ་ས། །

    ཨར་ཀ་ཤེལ་ལས་དྭངས་བའི་ལྷ་ས། །

    གླུ་གར་རྒྱ་མཚོ་འཁྱིལ་བའི་ལྷ་ས། །

    སྤྱི་གླིང་རོལ་མོས་ཁེངས་པའི་ལྷ་ས། །

    གསོ་རིག་བསྟན་པ་དར་བའི་ལྷ་ས། །

    ཚན་རྩལ་གཤོག་ཟུང་རྒྱས་པའི་ལྷ་ས། །

    གསུང་རབ་ཕྱག་ལེན་འཛོམས་པའི་ལྷ་ས། །

    ཕྱག་དང་ཞེ་ས་མཁས་པའི་ལྷ་ས། །

    དཔལ་འབྱོར་དབྱར་མཚོ་རྒྱས་པའི་ལྷ་ས། །

    སྐྱེ་འགྲོའི་དང་བ་འདྲེན་པའི་ལྷ་ས། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།