བོད་རྒྱ་ཡིག་སྒྱུར་ཁྲོད་དེང་རབས་ཀྱི་ལག་རྩལ་སྤྱོད་པའི་ཕན་ཡོན་ཅུང་ཙམ་གླེང་བ།
[ནང་དོན་གནད་བསྡུས།] དེང་སྐབས་ཀྱི་འཛམ་གླིང་འདིར་ཚན་རྩལ་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་ཅིང་དེང་དུས་ལག་རྕལ་རབ་དང་རིམ་པ་འཕྲེང་ལ་བརྒྱུས་པ་བཞིན་ཟམ་མ་ཆད་པར་ཐོན་པ་དང་། འཛམ་གླིང་སྐད་རིགས་བརྒྱ་ཕྲག་དབར་སྐད་སྒྱུར་དང་ཡིག་སྒྱུར་བྱེད་ཐུབ་པའི་ཚན་རིག་ལག་རྩལ་དུ་མ་ཞིག་ཀྱང་ཐོན་ཡོད། དེ་དག་ལས་འཕྲུལ་ཆས་ལོ་ཙཱ་དང་ AIལག་རྩལ། རང་བྱུང་སྐད་ཡིག་ཐག་གཅོད། གྲངས་གཞི་ཆེན་མོ་སོགས་འབུར་དུ་མངོན་ཡོད། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་གོང་གི་ལག་རྩལ་དེ་དག་ཡང་བོད་རང་གི་སྤྱི་ཚོགས་ནང་བཀོལ་སྤྱོད་བྱེད་བཞིན་ཡོད་པ་མ་ཟད་རྒྱ་བོད་ཡིག་སྒྱུར་ཀྱི་ལས་དོན་ཐད་ལ་དམིགས་གསལ་གྱི་ཕན་བདེ་བསྐྲུན་དང་སྐྲུན་མུས་ཡིན། ལག་རྩལ་དེ་དག་བེད་སྤྱད་པ་བརྒྱུད་རྒྱ་བོད་ཡིག་སྒྱུར་གྱི་ལས་རིམ་སྟབས་བདེར་བཏང་ཞིང་། ཡིག་སྒྱུར་གྱི་དུས་ཚོད་ལ་དམ་འཛིན་ཐུབ་པ། ལོ་ཙཱའི་ཁུར་པོ་ཡང་དུ་ཕྱིན་པ། ད་དུང་བོད་རྒྱ་རིག་གནས་སྤེལ་རེས་དང་རྒྱུས་མངའ་གཏིང་ཟབ་ཏུ་འགྲོ་རྒྱུར་ཕན་ཡོན་ཐོབ་པ་མ་ཟད་བོད་ཀྱི་སློབ་གསོ་དང་། ཡུལ་སྐོར། དམངས་སྲོལ་སོགས་ཀྱི་ཆ་འཕྲིན་ཁྱབ་སྤེལ་ལ་ཕན་འབྲས་ཤུགས་ཆེན་པོ་ཐོན་ཡོད། མདོར་ན།ཁྱབ་ཆུང་ས་ནས་བོད་རྒྱ་ཡིག་སྒྱུར་དང་ཁྱབ་ཆེ་ས་ནས་སྐད་རིགས་མང་པོའི་སྤེལ་རེས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། དེས་ན་ཁོ་བོས་བོད་རྒྱ་ཡིག་སྒྱུར་ཁྲོད་དེང་རབས་ཀྱི་ལག་རྩལ་ཉེར་སྤྱོད་བྱེད་པའི་ཕན་ཡོན་ལ་བསམ་ཚུལ་དང་ཉམས་མྱོང་ཐར་ཐོར་དེ་དག་མཉམ་སྤྱོད་ཀྱི་ཚུལ་དུ་དཔྱད་རྩོམ་འདི་སྤེལ་བ་ལགས།
[བརྡ་ཆད་གཙོ་བོ།] རྒྱ་བོད་ཡིག་སྒྱུར། འཕྲུལ་ཆས་ལོ་ཙཱ། AIལག་རྩལ།
གཅིག འཕྲུལ་ཆས་ལོ་ཙཱ་ཉེར་སྤྱོད་བྱེད་པའི་ཕན་ཡོན།
འཕྲུལ་ཆས་ཡིག་སྒྱུར་གྱི་ལག་རྩལ་དེ་དུས་རབས་ཉི་ཤུའི་ལོ་རབས་སུམ་བཅུའི་དུས་ལ་ཐོག་གསར་གཏོད་དང་ཞིབ་འཇུག་བྱེད་འགོ་ཚུགས་པ་དང་། སྤྱི་ལོ་1990ལོ་ནས་ད་བར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་ཡོད། དུས་མཚུངས་འཕྲུལ་ཆས་ལོ་ཙཱ་Appཀྱང་དུ་མ་ཞིག་གསར་ཐོན་བྱུང་ཡོད། 1998ལོ་ནས་བཟུང་བོད་རྒྱ་ཡིག་སྒྱུར་ཐད་ཞིབ་འཇུག་བྱེད་འགོ་ཚུགས་པ་དང་ད་བར་བོད་ལྗོངས་སླབ་ཆེན་གི་གཙོས་པའི་བོད་རྒྱ་འཕྲུལ་ཆས་ལོ་ཙཱའི་མ་ལག་དེ་གསར་འཛུགས་བྱས་ཡོད། འཕྲུལ་ཆས་ལོ་ཙཱའི་མ་ལག་དེ་དེག་གིས་རང་འགུལ་ཐོག་སྐད་གཉིས་ཤན་སྦྱར་སྐད་མཛོད་ལ་བརྟེན་ནས་ལོ་ཙཱའི་ཤེས་བྱ་སློབ་སྦྱོང་གཏིང་ཟབ་བྱེད་ཐུབ་ཀྱི་ཡོད། ལག་རྩལ་འདི་བོད་རྒྱ་ཡིག་སྒྱུར་ཁྲོད་ལ་ཉེར་སྤྱོད་བྱས་པ་རྒྱུད་སྐད་རིགས་དེ་གཉིས་ཕན་ཚུན་མགྱོགས་མྱུར་ངང་བརྗེ་སྒྱུར་བྱེད་ཐུབ་ཀྱི་ཡོད། དེས་གཅིག་ནས་ལོ་ཙཱའི་ལས་ཕྱོད་ཆེ་རུ་ཕྱིན་པ་མ་ཟད། གཉིས་ནས་བོད་རྒྱ་ཡིག་སྒྱུར་གི་ཡང་དག་རང་བཞིན་དང་ཐོགས་མེད་རང་བཞིན་མངོན་གསལ་དོད་པོས་གོང་མཐོར་གཏོང་ཐུབ་ཡོད། གཞན་ཡང་བོད་ཀྱི་རིག་གནས་ཁྱབ་སྤེལ་དང་འཕེལ་རྒྱས་ལ་སྐུལ་འདེད་ངེས་ཅན་ཞིག་ཐེབས་ཡོད། དེ་ན་འཕྲུལ་ཆས་ལོ་ཙཱ་འདི་ནི་བོད་རྒྱ་ཡིག་སྒྱུར་ཀྱི་ལས་དོན་དང་བོད་ཀྱི་སྤྱི་ཚོགས་ནང་མེད་དུ་མི་རུང་བ་ཞིག་དང་གལ་འགངས་ཆེ་བ་ཞིག་ཆགས་ཡོད།
གཉིས། AIལག་རྩལ་ཀྱི་ཉེར་སྤྱོད་བྱེད་པའི་ཕན་ཡོན།
AIཞེས་པ་ནི་མིས་བཟོས་རིག་ནུས་ལག་རྩལ་ཞིག་ཡིན། དེ་ཁྱབ་ཁོངས་ཧ་ཅང་ཆེ་བ་མ་ཟད་མིའི་རིག་པར་ལད་མོ་བྱེད་པའི་ནུས་པ་ལྡན་ཡོད། ཉེ་དུས་རྒྱལ་སྤྱི་རྒྱལ་ནང་གི་འཕེལ་ཕྱོགས་གོམས་སྟབས་དང་བསྟུན་ནས་བོད་རྒྱ་ཡིག་སྒྱུར་ཐད་ལ་AIགྱི་ལག་རྩལ་དེ་ཡང་ཞིབ་འཇུག་ཚ་ཚ་འུར་འུར་སྤེལ་བཞིན་ཡོད། བོད་ལྗོངས་སློབ་ཆེན་གི་གཙོ་གཉེར་བྱས་པའི་“ཉི་འོད་ཡིག་སྒྱུར་”བོད་ལྗོངས་ཀའོ་ཐུང་ཀུང་སའི་“藏译通”སོགས་AIགི་ལག་རྩལ་བེད་སྤྱད་པའི་གཉེན་ཆས་དང་དྲ་ཚིགས་ཁག་མང་དག་མཁོ་འདོན་བྱས་འདུག དེ་དག་བོད་རྒྱ་ཡིག་སྒྱུར་ཐད་ལ་ཉེར་སྤྱོད་བྱས་ནས་ཐོན་པའི་ཕན་ནུས་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན། མདོར་བསྡུས་ནས་བརྗོད་ན་AIལག་རྩལ་ལྡན་པའི་ཡིག་སྒྱུར་ཡོ་ཆས་ལ་རིག་ནུས་དབྱེ་འབྱེད་དང་རིག་ནུས་དབྱེ་འབྱེད་ངོས་འཛིན་སོགས་ཀྱི་ནུས་པ་ལྡན་ཞིང་། རང་འགུལ་ངང་བོད་རྒྱ་ཡིག་རིགས་གཉིས་ལ་དབྱེ་ཞིབ་བྱས་ཏེ་དུན་ཡུན་ཐུང་ངུའི་ནང་རྒྱ་བོད་སྐད་ཡིག་གི་ཚིག་མཛོད་འབོར་ཆེན་བཟོ་ཐུབ་པ་མ་ཟད་སྐད་ཅིག་ཉིད་ལ་མ་ཡིག་འབོན་ཆེན་གནད་ལ་འཁེལ་པོས་ཡིག་སྒྱུར་བྱེད་ནུས། དེས་མི་ཚད་ཁོས་འཕྲུལ་ཆས་ལོ་ཙཱ་དང་རང་བྱུང་སྐད་ཡིག་ཐག་གཅོད། གྲངས་གཞི་ཆེན་མོ་སོགས་དང་རམ་འདེགས་བྱས་ནས་ཚན་རིག་ཤེས་བྱ་དང་ཆ་འཕྲིན་ལ་སོགས་པ་བསྡུ་རུབ་དང་མཉམ་གསེས་ དབྱེ་ཞིབ་བྱས་ནས་རང་མཁོ་རང་སྤྱོད་བྱེད་ཐུབ་ཀྱི་ཡོད། ལག་རྩལ་དེ་དག་ཉེར་སྤྱོད་བྱས་པ་བརྒྱུད་རྒྱ་བོད་ཡིག་སྒྱུར་ཐད་ལ་ཁུངས་གཞི་བརྟན་པོ་སྐྲུན་པ་དང་ཆབས་ཅིག་ཡིག་སྒྱུར་ལས་དོན་ལ་རོགས་སྐྱོར་དང་རམ་འདེགས་ནུས་པ་གལ་ཆེན་ཐོན་ཡོད། གཞན་ཡང་བོད་ཀྱི་རིག་གནས་ཞིབ་འཇུག་ཐད་ལ་ལག་ཆ་གསར་པ་དང་བྱ་ཐབས་གསར་པ་ཞིག་ཀྱང་མཁོ་འདོན་བྱས་ཡོད་པ་སྨོས་མེད་ཡིན།
གསུམ། ལག་རྩལ་གསར་པ་གཞན་དག་གི་ཉེར་སྤྱོད།
གོང་ཞུས་གི་འཕྲུལ་ཆས་ལོ་ཙཱ་དང་ AIལག་རྩལ། ལོ་ཙཱའི་རིག་ནུས་མཉེན་ཆས་གཞན་ཕུད། ལག་རྩལ་གསར་པ་གཞན་དག་གིས་ཀྱང་བོད་རྒྱ་ལོ་ཙཱའི་ཁྱབ་ཁོངས་སུ་ནུས་པ་ངེས་ཅན་ཞིག་ཐོན་ཐུབ་ཡོད། དཔེར་ན། རང་བྱུང་སྐད་ཡིག་ཐག་གཅོད་ལག་རྩལ་དེས་སྐད་ཡིག་གཉིས་ཀྱི་ཁྱད་པར་ཕྲན་བུའང་ཤེས་རྟོགས་ཐུབ་ཡོད་ཀྱི་ཡོད། གཞན་ཡང་རང་བྱུང་སྐད་ཡིག་ཐག་གཅོད་ལག་རྩལ་གིས་འཕྲུལ་ཆས་སློབ་སྦྱོང་དང་གྲངས་གཞི་ཆེན་མོ་ཟུང་འབྲེལ་བྱས་ནས་རང་ཉིད་ཀྱི་ཡིག་སྒྱུར་ཤེས་མཛོད་དང་མ་ལག་ལ་ཟམ་མི་ཆད་པར་རང་ངོས་ལེགས་བཅོས་བྱེད་ཀྱི་ཡོད། ལག་རྩལ་གསར་པ་དེ་དག་བོད་རྒྱ་ཡིག་སྒྱུར་ཁྲོད་བཀོལ་སྤྱོད་བྱས་ན་སྤུས་ཚད་མཐོ་ལ་གནད་ལ་འཁེལ་བའི་ཡིག་སྒྱུར་བྱེད་ཐུབ་པ་དང་ཆབས་གཅིག་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཧེ་བག་ཆུང་དུ་གཏོང་ཐུབ་པ་མ་ཟད་མི་རིགས་གཉིས་པོའི་རིག་གནས་སྤེལ་རེས་དང་ཕན་ཚུན་ལ་རྒྱུས་མངའ་གཏིང་ཟབ་ཏུ་འགྲོ་བར་ཕན་འབྲས་དཔག་མེད་ཞིག་ཐོན་རྒྱུ་ཉག་ཅིག་ཡིན།
མཇུག་གཏམ།
སྤྱིར་དེང་རབས་ཀྱི་ལག་རྩལ་དེ་དག་བོད་རྒྱ་ཡིག་སྒྱུར་ཁྲོད་ལ་ཉེར་སྤྱོད་བྱས་པའི་ཕན་ཡོན་ནི་ཡིག་སྒྱུར་ལས་དོན་བར་སྟབས་བདེ་བསྐྲུན་པ་མ་ཟད་དེས་ཡིག་སྒྱུར་གྱི་དུས་ཡུན་ཐུང་རུ་གཏོང་བ། ལས་ཕྱོད་མཐོ་རུ་ཕྱིན་པ། ལོ་རྩྭ་བའི་ཁུར་པོ་ཡང་དུ་འགྲོ་བ། རིག་གནས་སྤེལ་རེས་ལ་སྐུལ་མ་ཐེབས་པ་སོགས་ལེགས་ཆ་དུ་མ་མཆིས། འོན་ཀྱང་། དེང་རབས་ཀྱི་ལག་རྩལ་ཉེར་སྤྱོད་བྱས་པ་ལས་བོད་རྒྱ་ལོ་ཙཱའི་ལས་རིགས་ཀྱི་བྱ་བ་བྱེད་ཐབས་ལ་ཤུགས་རྐྱེན་དང་འགྱུར་ལྡོག་གཏིང་ཟབ་འགྲོ་བ་ནི་འབྱུང་འགྱུར་ཀྱི་འཕེལ་ཕྱོགས་ཡིན་པ་མངོན་གསལ་དོད་པོ་རེད།
མ་འོངས་པར་འཕྲུལ་ཆས་ལོ་ཙཱ་དང་་རིག་ནུས་ལོ་རྩྭ་སོགས་དེང་རབས་ཀྱི་ལག་རྩལ་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་། བོད་རྒྱ་ཡིག་སྒྱུར་ལས་རིགས་དེར་མཐོ་རིམ་སྐད་བརྡ་ཐག་གཅོད་ཀྱི་ནུས་པ་ལྡན་པའི་ཤེས་ལྡན་མི་སྣ་དགོས་མཁོ་ཆེ་རུ་ཕྱིན་པ་དང་གཅིག ཡང་ལོ་ཙཱའི་ སྤུས་ཚད་ཚོད་འཛིན་དང་ལག་རྩལ་བཀོལ་སྤྱོད་བཅས་ཀྱི་ཤེས་ལྡན་མི་སྣ་གསར་པའི་དགོས་མཁོ་ཡང་ཉིན་བཞིན་ཆེ་རུ་འགྲོ་བ་དང་གཉིས། AIདང་གྲངས་གཞི་ཆེན་མོ། རང་བྱུང་སྐད་ཡིག་ཐག་གཅོད་ལག་རྩལ་སོགས་ལ་ཞིབ་འཇུག་དང་གསར་སྤེལ་བྱེད་མཁན་གི་ཆེད་ལས་མི་སྣའི་དགོས་མཁོ་མང་དུ་འགྲོ་བ་དང་གསུམ། མདོར་ན་བོད་རྒྱ་ལོ་ཙཱའི་ལས་རིགས་ལ་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་འབྱུང་སྲིད། འབྱུང་འགྱུར་དེང་རབས་ལག་རྩལ་སྔར་བས་འཐུས་སྒོ་ཚང་ཞིང་མི་ཤུགས་ཀྱི་མ་གནས་ཇེ་ཆུང་སུ་འགྲོ་ངེས་ཡིན།
( བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གི་ལྷག་པ་དོན་གྲུབ )