རླུང་དང་འགྲོགས་པའི་བུ་མོ།
(གཟའ་འཁོར་གོང་མར་མཐུད)
ལྔ།
དུས་ནམ་ཞིག་ནས་འགོ་བརྩམས་པ་ང་ལ་གསལ་ཆ་ཅི་ཡང་མི་འདུག གང་ལྟར་ཉེ་ཆར་ངའི་ཡིད་ཀྱི་ནམ་མཁར་སྨུག་སྤྲིན་འཐིབས་ནས་དྭངས་རྒྱུ་ཞིག་མི་འདུག་སྟེ། དངོས་ཡོད་ཀྱི་གནས་ཚུལ་མང་པོ་རྨི་ལམ་དུ་འཁྲུལ་ཞིང་། ཡང་རྨི་ལམ་དུ་རྨིས་པའི་དོན་དག་མང་པོ་དངོས་ཡོད་དུ་འཁྲུལ་ནས། ཡང་སྙིང་གང་ཞིག་རྨི་ལམ་དང་གང་ཞིག་དངོས་ཡོད་ཡིན་མིན་དབྱེ་འབྱེད་དཀའ་བར་གྱུར་པ་དང་། ཉིན་ལྟར་རང་སེམས་རང་གིས་གཅུན་མ་ཐུབ་པར་གནས་ཚུལ་ངན་པ་ཅི་ཡང་མ་ཐོན་རུང་། འཁྲིས་ཀྱི་མི་ཚང་མར་སུན་སྣང་སྐྱེ་ཞིང་། ཁོང་ཚོ་ངའི་འཁྲིས་སུ་བཅར་ཐེངས་རེར། ངའི་ནང་སེམས་སུ་ཁོང་ཁྲོའི་མེ་ལྕེ་འབར་ཏེ། ཁོང་ཚོ་དང་ཁ་རྩོད་ཡིད་ཚིམ་པ་ཞིག་རྒྱག་འདོད་སྐྱེས། ལྷག་པར་དུ། སྨག་རུམ་གྱི་ཡོལ་བས་ས་གཞིའི་ངོ་གདོང་བསྒྲིབས་དུས། ང་རང་སེམས་པ་རྣལ་དུ་ཕབ་ནས་ལྷོད་ཤིག་གེར་སྡོད་ཐབས་བྲལ་ཏེ། རྟབ་རྟབ་པོར་སྒེའུ་ཁུང་གི་འཁྲིས་སུ་འགྲོ་འདོད་སྐྱེས་ཤིང་། རང་ཉིད་སྡོད་སའི་ཁང་པ་བཅུ་ཐོག་གི་སྒེའུ་ཁུང་ནས་ཧོབ་སྟེ་ཤོད་དུ་མཆོང་འདོད་སྐྱེས་འོང་། ང་ལ་འདི་འདྲའི་ལྕེབས་འདོད་ཀྱི་བསམ་བློ་འཁོར་བ་ཐེངས་གཅིག་གཉིས་མིན། མཚམས་རེར་ངའི་རིག་པ་ཅུང་དྭངས་གསལ་ཡིན་དུས། ངས་རང་ངོ་རང་གིས་མ་ཆོད་པར་སྨྱོན་པ་ཇི་བཞིན་ལས་ཀ་ལྐུགས་ཐག་ཚ་པོ་འདི་འདྲ་སྤེལ་གྲབས་བྱས་པར་ཞེད་སྣང་སྐྱེས་འོང་། ད་བར་དུ་ངས་མི་སུ་ལའང་རང་ཉིད་ཀྱི་སེམས་ཁམས་ཀྱི་གནས་ཚུལ་བརྗོད་མ་མྱོང་། ཡང་གཅིག་བཤད་ན། ད་ལྟ་ང་ལ་སེམས་པ་སེམས་ཀྱིས་ཤེས་མཁན་གྱི་གྲོགས་པོ་དང་། སྡུག་གི་ཁུར་པོ་འཁུར་རོགས་ཀྱི་མི་ཞིག་ཡོད་དམ། ངས་སྨན་ཁང་དུ་སོང་ནས་སྨན་པར་རང་གི་གཟུགས་གཞིའི་གནས་ཚུལ་དྲིས་པར། སྨན་པས། ཁྱོད་ཀྱི་ཁྲག་གར་པོ་དང་ཁྲག་ཤེད་ཅུང་མཐོ་པོ་འདུག ཡག་ཤོས་བྱུང་ན་ཆང་རག་མ་ཐུངས་ཤིག་ཅེས་བརྗོད་པ་ལས། ངའི་སེམས་ཁམས་ལ་ན་ཚ་ཡོད་མེད་ཀྱི་སྐོར་ཚིག་གཅིག་ཀྱང་མ་གླེང་། འོན་ཀྱང་། གློག་བརྙན་ཞིག་ལ་བལྟས་པ་བརྒྱུད། ངས་ད་གཟོད་ངའི་སེམས་ཁམས་ཀྱི་གནས་ཚུལ་དང་གློག་བརྙན་དེའི་མི་སྣ་གཙོ་བོའི་ནད་རྟགས་དང་བསམ་བློ་གཏོང་སྟངས་ཨ་ན་མ་ན་ཡིན་པ་ཤེས། ང་དེ་འཕྲལ་སེམས་ཁམས་རིག་པ་མཁས་ཅན་ཞིག་གི་གམ་དུ་སོང་ནས་རང་གི་གནས་ཚུལ་སྦ་གསང་མེད་པར་རེ་རེ་བཞིན་ཁོང་ལ་བསྙད་པས། ཁོང་གིས་ད་གཟོད་ང་ལ་སེམས་སྦུག་དོག་པའི་ནད་ཅིག་ཕོག་ཚུལ་གླེང་སྟེ། གང་མགྱོགས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་དགོས་པའི་ཁ་ཏ་བྱས།
དྲུག
ཉིན་ཤས་འདས་རྗེས། ང་སྨན་པའི་བཀའ་བཞིན་སྨན་ཁང་དུ་བསྡད། འཁྲིས་ཀྱི་ནད་པ་མང་པོར་ལྟ་རྟོག་བྱེད་མཁན་དང་སེམས་གསོ་གཏོང་མཁན་གྱི་ནད་གཡོག་རེ་རེ་ཡོད་ཀྱང་། ང་ལ་འགྲོ་རོགས་གྲིབ་མ་ནག་རིལ་དང་། སྡོད་རོགས་པུས་མོ་སྐྱ་རིལ་ལས་གཞན་ཅི་ཡང་མེད། ནག་རོག་རོག་གི་སྨན་ཁང་གི་ཁང་མིག་ཆུང་ཆུང་དེས་ང་ལ་གུ་དོག་པའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྦྱིན་ཞིང་། མཚམས་ལ་ལར་ཁོར་ཡུག་དེས་ང་ལ་དབུགས་འབྱིན་རྔུབ་བྱེད་པར་ཡང་འོ་བརྒྱལ་ཡང་ཡང་བཟོས་འོང་། གལ་ཏེ་ཨ་མ་ལགས་འཇིག་རྟེན་འདིར་བཞུགས་ཡོད་ན་ཅི་མ་རུང་ཨང་། ངས་དེ་ལྟར་བསམས་པའི་མོད་ལ། བྱིས་དུས་སུ་ཕ་མ་གཉིས་ཀྱི་མིག་འོག་ཏུ་ཅི་ལའང་སེམས་ཚེགས་མེད་པར་ལུ་གུ་ཇི་བཞིན་ས་ལྡིང་གནམ་ལྡིང་བྱེད་པའི་འཚོ་བའི་ཆ་ཤས་རྣམས་ངང་གིས་དྲན། ང་རང་བྱིས་དུས་ཀྱི་ཕྱིར་དྲན་ཀློང་ནས་གཉིད་ལས་སད་སྐབས། མིག་ཟུང་ནས་བཞུར་བའི་མཆི་མའི་རྡོག་པོས་ངའི་འདྲེན་བྱེད་ཀྱི་ལམ་བུ་ཡོངས་སུ་བསྒྲིབས་འདུག སྐྱེས་པ་ནས་ད་བར་སྨན་ཁང་དུ་བསྡད་མ་མྱོང་བའི་མི་ཞིག་ལ་མཚོན་ན། དེ་གའི་ཉི་མ་ཟླ་ལས་རིང་ཞིང་། དེ་གའི་མཚན་མོ་ལོ་ལས་རིང་། སྨན་བཅོས་ཇི་ལྟར་བྱས་ཀྱང་། ངའི་འཁྲིས་སུ་སྐད་ཆ་ཤོད་རོགས་གཅིག་ཀྱང་མེད་པས། ངའི་ནད་གཞིར་དྲག་སྐྱེད་ཡོང་བའི་སྔ་ལྟས་ཅི་ཡང་མི་འདུག སྨན་རིགས་མང་པོ་གཅིག་ཏུ་བསྲེས་པ་ལྟ་བུའི་སྣ་ལ་གཟན་པའི་དྲི་མ་སྐྱུག་བྲོ་པོ་ཞིག་ངའི་སྣོམ་བྱེད་ཀྱི་དབང་པོར་འཐུལ་ཐེངས་རེར། ངའི་ཟས་ཀྱི་དང་ག་རིམ་གྱིས་ཉམས་ཏེ། ལུས་པོའང་བརླན་གཤེར་བྲལ་བའི་ལྕུག་ཕྲན་ཇི་བཞིན་ཇེ་རིད་དུ་འགྲོ་བས། སྨན་ཁང་དུ་སྐད་ཅིག་ཙམ་ཡང་སྡོད་ཚུགས་དཀའ་བར་གྱུར་པ་དང་། རང་ཉིད་གཅིག་པུ་ཡངས་ཤིང་མུ་མཐའ་བྲལ་བའི་སྤང་ཐང་ཞིག་ཏུ་གན་རྐྱལ་དུ་ཉལ་ཏེ། བྱིས་དུས་ཇི་བཞིན་མཐིང་མདོག་གི་ནམ་མཁའ་དང་། སྤྲིན་དཀར་གྱི་ཚོམ་བུར་བལྟས་ནས་དེ་གར་སྡོད་ཅིང་། ཐ་ན་ངའི་ཕུང་པོ་སྤང་ཐང་གི་འབྱུང་བཞིར་ཐིམ་ཡང་། ང་རང་གཅིག་པུ་དེ་གར་སྡོད་འདོད། འོན་ཀྱང་། སྨན་པས་སེམས་ཁམས་ཀྱི་ནད་འདི་རིགས་བྱུང་བའི་སྨྱོན་པ་ལྟ་བུའི་ནད་པ་ཞིག་རང་དགར་ཕྱི་ལོགས་སུ་འགྲོ་རུ་ག་ལ་འཇུག་ཨང་། ས་ད་དུང་རུབ་མི་འདུག ངས་ལག་པས་མགོ་བོ་བཀབ་ནས་གཉིད་ཐན་ཐུན་ཞིག་ཁུག་པར་སྒུག་བཞིན་ཡོད་སྐབས། སྨན་ཁང་གི་སྒོ་རར་བུ་མོ་ཞིག་གིས་ངུ་ཤུམ་རྒྱག་བཞིན་པའི་སྒྲ་ཞིག་ངའི་རྣ་བར་ལྷང་ལྷང་དུ་གྲག་འོང་། ངས་རྣ་ཅོག་ཀྲོང་ཀྲོང་གིས་ཞིབ་པར་ཉན་དུས། བུ་མོ་དེའི་ངུ་སྒྲ་དེ་ང་ལ་ཤིན་ཏུ་ནས་ཆ་རྒྱུས་ཡོད་སྣང་སྐྱེས། ངས་དེ་འཕྲལ་ལྷམ་ཡང་མ་གྱོན་པར་སྒེའུ་ཁུང་གི་འཁྲིས་སུ་བརྒྱུགས་ནས་བལྟས་པ་ན། བུ་མོ་ཞིག་སྨྱོས་པ་ལྟར་དམར་ཧྲེང་མར་སྒོ་རའི་ནང་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་པ་མཐོང་ཞིང་། བུ་མོ་དེའི་ཚུགས་ཀ་མཐོང་དུས་ང་ལ་རེ་ཞིག་རྨི་ལམ་རྨིས་པ་ལྟ་བུའི་སྣང་བ་འགོག་མེད་དུ་སྐྱེས། ངས་ལག་གཡས་པས་མིག་ཟུང་ལ་ཕུར་ཕུར་ལན་འགའ་བཏང་སྟེ་སླར་ཡང་ཞིབ་པར་ལྟ་དུས། ད་གཟོད་འདི་ནི་རྨི་ལམ་མིན་པར་དོན་དངོས་ཡིན་པ་ར་འཕྲོད་བྱུང་། ངས་མུ་མཐུད་དེ་ཞིབ་པར་ལྟ་དུས། བུ་མོ་དེ་གཞན་སུ་ཡང་མིན་པར་ངའི་ཆུང་ཆུང་ལུ་གུ་འཚོ་རོགས། ཡང་ཆུང་མེ་ཏོག་འཐུ་རོགས་ཀྱི་དབྱངས་གསལ་ལྷ་མོ་ཡིན་པ་ཤེས། ང་དེ་འཕྲལ་རྟབ་རྟབ་པོར་རྐང་རྗེན་མར་ཤོད་དུ་བབས་ཏེ་ཁོ་མོའི་གམ་དུ་བརྒྱུགས་པ་ན། མོས་ཐ་ན་བྱིས་དུས་ཀྱི་རྩེད་གྲོགས་ང་ཡང་ངོས་མ་ཟིན་པར་ང་ལ་འགྲམ་ལྕག་མེ་འབར་བ་ཞིག་གཞུས་ཤིང་། དེ་ནས་ངའི་བྲང་ཁ་ནས་འཐེན་ཏེ། ཁྱི་རྒན་བཀྲ་ཤིས་ཁྱོད་ཀྱིས་ལོ་མང་གི་བཟའ་ཚོའི་བརྩེ་དུང་ལ་མ་བལྟས་པར་ང་སྡུག་ལ་གཏད་དོན་ཅི་ཡིན་ཞེས་བཤད་པ་དང་། ང་དང་མོ་རང་གི་ཁྱོ་ག་གཉིས་འཁྲུལ་ཏེ་ངའི་སྐྲ་ལོ་ནས་འཐེན་ཞོར་ཤེད་ཀྱིས་ངུས་བྱུང་། ཁོ་མོས་ང་ལ་ཕྱོགས་ཏེ་གཤེ་གཤེ་དང་འཁང་ར་ཇི་ལྟར་བྱས་ཀྱང་། ངས་ན་ཟུག་ལ་བསྲན་ཏེ་སྨྲ་མེད་ཀྱི་བརྟུལ་ཞུགས་བཟུང་བ་ལས་ཁོ་མོར་རྒོལ་ལན་སྤྲོད་པའི་སྤོབས་པ་ངང་གིས་ཞི། ངའི་བསམ་པར་ཁོ་མོའི་སེམས་ཀྱི་ན་ཟུག་ཆུང་དུ་འགྲོ་བར་རྔོ་ཐོགས་ན། ངའི་ལུས་ཀྱི་ན་ཚ་ཕྲན་བུར་སྣང་བ་གཏོང་རིན་ཅི་ཞིག་ཡོད་ཨང་སྙམ། ཡུད་ཙམ་སོང་རྗེས་སྨན་པ་གཉིས་ཀྱིས་ཁོ་མོའི་གཡས་གཡོན་ནས་བསྐྱོར་ཏེ་ནད་ཁང་དུ་ཁྲིད་སོང་། གལ་ཏེ་སྨན་པ་དེ་གཉིས་མེད་ན། མཚན་མོ་དེར་དབྱངས་གསལ་ལྷ་མོར་གདོན་འདྲེ་ཞུགས་པ་ལྟར་བཀག་ནས་ཁོག་ཐབས་ཤིག་མི་འདུག སྨ་ར་སོབ་སོབ་སྐྱེས་པའི་སྨན་པ་རྒན་གྲས་ཤིག་གིས་ངའི་དཔུང་པར་ལྕག་ལྕག་ལན་འགའ་བྱས་ནས། མོ་ལའང་ཁྱོད་དང་འདྲ་བའི་སེམས་ནད་ཕོག་ཡོད་པས། ཁྱོད་ཀྱིས་སེམས་འཛིན་མ་བྱེད་ཅེས་བཤད། སྨན་པའི་སྐད་ཆ་དེ་ཐོས་རྗེས། ངས་རང་གི་ཉན་བྱེད་ཟུང་ལའང་ཡིད་ཆེས་དཀའ་བར་གྱུར་ཅིང་། བྱིས་དུས་སུ་མོ་དང་འགྲོགས་ནས་ལུག་ཁྱུ་འཚོ་སྐྱོང་བྱེད་པའི་ངང་ཚུལ་རྣམས་ཀླད་པའི་དཀྱིལ་འཁོར་དུ་དལ་གྱིས་རྒྱུ་འོང་།
བདུན།
འཚོ་བའི་གོམ་འགྲོས་རླུང་ལས་མྱུར་བའི་གྲོང་ཁྱེར་གྱི་སྨན་ཁང་དེར། ང་དང་རླུང་ལྟ་བུའི་དབྱངས་གསལ་ལྷ་མོ་གཉིས་རླུང་གིས་དེད་པ་བཞིན་སེམས་ཁམས་ཀྱི་ན་ཚ་ཕོག་པའི་ནད་པ་མང་པོའི་ཀློང་དུ་དུས་བཏབ་པ་བཞིན་ལྷན་དུ་འཛོམས། མི་མང་པོས་མཐོང་ཆུང་དང་འཕྱ་སྨོད་ཀྱི་ཟུར་མིག་འཕངས་ནས་ང་ཚོ་དང་ཉེ་བར་བཅར་མི་སྲིད་མོད། ང་ཡང་ནད་གཞི་དེ་རིགས་ཕོག་པའི་ནད་པ་ཞིག་ཡིན་དུས། ངས་ཁོ་མོའི་སེམས་ཀྱི་སྡུག་བསྔལ་དང་ན་ཟུག་མ་རྟོགས་པ་མེད་པས། དུས་དེ་ནས་བཟུང་། ང་ཁོ་མོའི་གམ་དུ་སོང་སྟེ་བྱིས་དུས་ཀྱི་གཏམ་རྒྱུད་བཤད་ནས་གང་ཐུབ་ཅི་ཐུབ་ཀྱིས་མོའི་སེམས་ནད་ཞི་ཐབས་བྱས་ཤིང་། མོས་ཀྱང་ང་ཚོའི་བྱིས་དུས་ཀྱི་ཆོབ་ཚ་བའི་གནས་ཚུལ་གླེང་སྟེ་ཧ་ཧ་དང་ཧུ་ཧུ་ཞེས་བགད་ནས་འཛུམ་གྱི་པདྨོ་ཟུམ་ཐབས་བྲལ། ཆགས་ས་རྟེན་ས་ཅི་ཡང་མེད་པའི་བྱིས་དུས་ཀྱི་རྩེད་གྲོགས་ངེད་གཉིས་པོས་འདི་ལྟར་སྨན་ཁང་གཅིག་ཏུ་ཕན་ཚུན་ལ་སེམས་གསོ་བྱེད་ཞོར། ཉིན་མ་རེ་རེ་བཞིན་ཕར་ལ་བསྐྱལ། ཟླ་བ་དེ་དག་གི་རིང་ལ། ཁོ་མོའི་ནད་གཞིར་དྲག་སྐྱེད་ཅུང་བྱུང་སྟེ་ངོ་གདོང་ནས་ཀྱང་སྣུམ་ཞག་འཕྱུར་འོང་། མོས་ངའི་ལག་མགོར་འཇུས་ཏེ་འཛུམ་དམུལ་དམུལ་ངང་། ད་ནས་བཟུང་། ང་ནི་ཆགས་ས་རྟེན་ས་ཅི་ཡང་མེད་པའི་རླུང་ལྟ་བུའི་བུ་མོ་ཞིག་བྱེད་མི་འདོད། ཁྱོད་ཀྱིས་ཀྱང་ང་ལ་དྲི་བཞོན་གྱི་བུ་མོ་ཞེས་བོས་མི་ཆོག འཚོ་བས་རྒྱང་དུ་སྤྱུགས་པའི་ངེད་གཉིས་པོས་ད་ནི་གཅིག་སེམས་གཅིག་ལ་གཏད་ནས་མཉམ་དུ་འཚོ་བ་བསྐྱལ་ན་ཁྱོད་ལ་འཐད་པ་ཨེ་ཡོད་ཅེས་བཤད་དེ་རེ་བའི་མིག་ཟུང་ང་ལ་གཏད་བྱུང་། ངས་ཀྱང་ཧ་ཅང་མོས་པའི་ཚུལ་གྱིས་མགོ་བོ་ལྕོག་ལྕོག་ལན་འགའ་བྱས་ཏེ་མོའི་མགྲིན་པར་དམ་དུ་འཁྱུད་པ་དང་། ཁྱོད་ཀྱིས་ཆེས་མཇུག་མཐར་བྱིས་དུས་ཀྱི་རྩེད་གྲོགས་ང་གདམ་ག་བྱས་པར་བཀའ་དྲིན་ཆེ་ཞེས་བཤད་ཅིང་། རང་གི་སྙིང་གི་དགའ་མར་འཐམ་འཁྱུད་བྱེད་དུས། ང་ལ་མཁའ་རླུང་གི་ཁྲོད་ནས་ཀྱང་མངར་སང་སང་གི་དྲི་ངད་ཅིག་འཐུལ་བཞིན་པའི་ཚོར་སྣང་བྱུང་ལ། དྲི་བཞོན་གྱི་བུ་མོ་དེས་ཡུན་རིང་གྲང་རེག་གིས་གཙེས་པའི་ངའི་ལུས་སེམས་ཀྱི་ཁྱོན་ལ་དྲོད་རླུང་ཞིག་ངང་གིས་བསྩལ།
བརྒྱད།
དུས་བཏབ་པ་མིན་ཡང་། སྔ་ལྟས་དང་རྟགས་མཚན་ཅི་ཡང་མེད་པའི་རླུང་བུ་དེ་སླར་ཡང་ལྡང་བྱུང་། ངས་རླུང་བུ་དེའི་དབྱིབས་དང་ཁ་དོག་རིག་དཀའ་ཡང་། དེས་ང་ལ་ཤིན་ཏུ་ནས་ཆ་རྒྱུས་ཡོད་པའི་སྣང་བ་ཞིག་འགོག་མེད་དུ་སྦྱིན་འོང་། དེ་རིང་རླུང་བུ་དེ་སླར་ཡང་ལྡང་བྱུང་། རླུང་བུ་དེར་ཁྱོད་ཀྱི་འཇམ་མཉེན་གྱི་ལག་ཟུང་གིས་ངའི་ངོ་གདོང་ལ་བྱིལ་བྱིལ་བྱེད་པ་བཞིན་ཚ་དྲོད་ཀྱིས་བཀང་ཡང་། སྔོན་ཆད་ཇི་བཞིན་ཁྱོད་རང་རླུང་དང་འགྲོགས་ནས་ངའི་གམ་དུ་སླེབས་མ་བྱུང་ལ། རླུང་བུ་དེས་སྔོན་ཆད་ཇི་བཞིན་ཁྱོད་རང་ངའི་གམ་དུ་ཁུར་མ་བྱུང་། འོན་ཀྱང་། རླུང་བུ་དེ་ལྡང་ཐེངས་རེར། ཁྱོད་གང་དུའང་མ་སོང་བར་སྔར་རྒྱུན་བཞིན་ངའི་གམ་དུ་ཡོད་སྣང་འཆར། ངས་རླུང་གིས་དེད་པའི་ལོ་མ་སེར་པོ་ཞིག་གི་རྗེས་དེད་ནས་མདུན་དུ་བསྐྱོད་ཅིང་། ནམ་མཁའི་མཐོངས་ཀྱི་སྐུད་པ་ཆད་པའི་ཤོག་བྱ་ཞིག་ལ་ལྟ་བཞིན་དུ། ད་ནི་ཁྱོད་ཀྱིས་ཞེན་ཆགས་དང་ན་ཟུག་ཡོད་དོ་ཅོག་རྒྱང་དུ་བསྐྱུར་ནས། རང་དགར་འཕུར་ལྡིང་བྱེད་པའི་ཤོག་བྱ་དེ་དང་འདྲ་བར། སེམས་ངལ་དང་སེམས་ཚེགས་མེད་པའི་དྲི་བཞོན་གྱི་བུ་མོ་ཞིག་བྱོས་ཨང་ཞེས་ཁེར་ལབ་རྒྱག་པར་ཐལ་བ་དང་། དུས་དེ་ནས་བཟུང་། ང་ནི་རླུང་ལྡང་རྒྱུར་ངང་སྒུག་ཆེན་པོ་བྱེད་མཁན་ཞིག་ཏུ་གྱུར།