སྨོན་ཚིག་སེམས་ཀྱི་ཁ་གཡང་།
སྤང་ལ་མེ་ཏོག་བཞད་དུས། །
དྲི་བསུང་ཕྱོགས་བཞིར་འཐུལ་སོང་། །
ལས་དབང་དམ་དུ་སྦྲེལ་བས། །
ང་ཚོ་མཉམ་དུ་འཛོམས་སོང་། །
ལོ་བཞིའི་དགའ་སྐྱོ་ཆགས་སྡང་། །
ཕྱིར་དྲན་ཀློང་དུ་ཐིམ་སོང་། །
ང་དང་སྙིང་གི་གྲོགས་པོ། །
རང་རང་ས་ལ་གྱེས་སོང་། །
ཕྱོགས་སུ་ཐོན་པའི་གྲོགས་ཀྱི། །
མི་ཚེའི་འཕྲང་ལམ་རིང་མོར། །
སྤང་ལ་མེ་ཏོག་བཞད་འདྲའི། །
བཀྲག་མདངས་འཕྱུར་བའི་སྨོན་ལམ། །
ད་ཆ་དུས་ཚོད་ཟེར་བའི། །
གླེགས་བམ་དེ་ལ་ལྟ་དུས། །
གློ་དང་རྒྱུ་མའི་མཚམས་སུ། །
གསང་བ་མང་པོ་སྤུངས་འདུག །
གསང་བ་མང་པོའི་གསེབ་དང་། །
བརྩེ་བ་མང་པོའི་དཀྱིལ་དུ། །
དུངས་བ་ལྷུག་པོར་གཏམས་པས། །
ལས་ཀྱི་རི་མོ་གསལ་བྱུང་། །
ང་ནི་བྱང་གི་བྱིའུ་ཆུང་། །
ཁྱེད་ནི་ལྷོ་ཡི་ཁུ་བྱུག །
ང་ཚོ་འཁྲུངས་ཡུལ་མི་གཅིག །
འཛོམས་ས་གནས་མཆོག་ཉིང་ཁྲི། །
དབྱར་དགུན་སྟོན་དཔྱིད་ལོ་འཁོར། །
བར་མཚམས་མེད་པར་འཁོར་བས། །
སློབ་ཐོན་གྱེས་བྲལ་གླུ་ཚིག །
མིག་ཆུའི་གསེབ་ནས་བླངས་ཡོད། །
མིག་ཆུར་གཡོ་ལྷད་མེད་པས། །
བརྩེ་བའི་དྭངས་མ་ཡིན་སོང་། །
སློབ་གྲོགས་ལ་རྒྱའི་དར་ཤིང་། །
སེམས་ཀྱི་དབུ་རྩེར་བཞེངས་ཡོད། །
མཛེས་པའི་བཀྲ་ཤིས་འཇའ་ཚོན། །
གྲོགས་པོའི་ཕྱོགས་སུ་ཤར་རོགས། །
གྲོགས་པོ་གང་འགྲོའི་ས་ལ། །
གཏམ་བཟང་དྲི་བཞོན་ལྡང་ཤོག །
སླད་ཕྱིན་མི་ཚེའི་ལོ་ཟླར། །
བྱ་གཞག་ཡར་ངོའི་ཟླ་དང་། །
སྐུ་ཚེ་རི་རྒྱལ་ལྷུན་བཞིན། །
ཡང་ཡང་བརྟན་པའི་སྨོན་ལམ། །