མི་རིགས་མཐུན་སྒྲིལ་གྱི་སྙན་དབྱངས།
གཅིག
ལོ་རྒྱུས་ཀྱི་རླབས་རྒྱུན་དྲག་པོའི་དབུས་སུ་སྔོ་ཆིལ་ལེར་འཕྱོ་བའི་འཕེལ་རྒྱས་ཀྱི་རླབས་རྒྱུན་དྲག་པོ་ཞིག་ཡོད་པ་དེ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་པའི་མི་རིགས་ང་དྲུག་ལས་གྲུབ་པའི་ཀྲུང་ཧྭའི་བུ་ཕྲུག་ཚོའི་བླ་ན་མེད་པའི་འདུན་པ་ཡིན་ཞིང་། རླབས་ཀྱི་ཟེགས་མ་རེ་རེའི་མགུལ་དུ་མི་རིགས་ང་དྲུག་གི་ཀྲུང་ཧྭའི་བུ་ཕྲུག་ཚོས་རེ་བ་དང་ཕུགས་འདུན་གྱིས་བསླས་པའི་མུ་ཏིག་གི་དོ་ཤལ་རེ་རེ་བཏགས་ཡོད།
གོ་ལ་ཧྲིལ་པོ་འདིའི་སྟེང་དུ་མི་རིགས་མཐུན་སྒྲིལ་ཟེར་བའི་ཐ་སྙད་ཚ་སོབ་སོབ་ཅིག་དང་སྙིང་ཉེ་ཉེ་ཞིག་ཡོད་ཅིང་། ཐ་སྙད་དྲོན་མོ་འདིའི་ནུས་མཐུ་དང་གཟི་འོད་ལ་བརྟེན་ནས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ང་ཚོའི་མེས་པོ་ཚོས་ད་གཟོད་ཀྲུང་གོ་ཞེས་སྙན་པའི་བ་དན་གང་སར་གཡོ་བའི་ཐུན་མོང་གི་ཁྱིམ་གཞིས་ཆེན་པོ་ཞིག་བསྐྲུན་ཡོད་ལ། འབྱུང་འགྱུར་ང་ཚོས་མེས་པོའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། སྔར་བས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་མེས་རྒྱལ་གྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་འབད་འཐབ་ཀྱི་རོལ་མོ་མུ་མཐུད་དཀྲོལ་ངེས་ཡིན་ལ། སེ་འབྲུའི་རྡོག་བཞིན་གོང་བུ་གཅིག་ཏུ་བསྒྲིལ་ནས། ཀྲུང་གོའི་ཕུགས་འདུན་གྱི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་སྐྱེས་སུ་འབུལ་ངེས་ལགས།
གཉིས།
མི་རིགས་མཐུན་སྒྲིལ་ཟེར་བ་ནི་འདྲ་མཉམ་དང་དམངས་གཙོ། མཐུན་སྒྲིལ་དང་མཉམ་ལས། ཐུན་མོང་འཕེལ་རྒྱས་ཀྱི་དགོངས་པ་གཅིག་ཏུ་འདུས་པའི་སྙིང་བཅུད་དག་ཡིན་ལ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཀྲུང་གོའི་ཕུགས་འདུན་གཏོད་པའི་མདུན་སྐྱོད་ཀྱི་གླུ་དབྱངས་ཤིག་ཀྱང་ཅི་ལ་མིན།
གསུམ།
མི་རིགས་མཐུན་སྒྲིལ་ཟེར་བ་ནི་སྐད་རིགས་མང་པོའི་སྒྲ་གདངས་ཀྱི་དབུས་སུ་ལྷང་ངེར་གྲགས་པའི་ཐུན་མོང་གི་སྤྱི་སྐད་དེའི་ང་རོ་ཡིན་ལ། ཕུལ་བྱུང་གི་རིག་གནས་སྣ་ཚོགས་དབྱར་གྱི་སྤང་ནས་ཤ་མོ་བརྡོལ་བ་ཇི་བཞིན་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཞིང་། རིག་གནས་མང་པོ་མཉམ་འདྲེས་བྱེད་པའི་ལམ་བུ་དེའང་ཡིན། ཁོད་ཡངས་ཀྱི་ལམ་བུ་དེའི་སྟེང་དུ་ང་ཚོས་སྐད་གཉིས་ཀྱི་སློབ་གསོའི་གཤོག་ཟུང་རིང་དུ་བརྐྱངས་ཏེ། རྨོངས་མུན་རྒྱང་དུ་བསྐྲད་ནས་ཤེས་བྱའི་ཚོགས་ལ་ལོངས་སུ་སྤྱོད་ཅིང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གང་དེའི་ལེགས་ཆ་རྣམས་ཆད་ལུས་མེད་པར་དང་དུ་བླངས་ཏེ། ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཆེད་འབད་བརྩོན་གྱི་བགྱི་བ་ཁུར་དུ་ལེན་དགོས། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བློ་མིག་དྭངས་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གཏོད་པར་རྣམ་དཔྱོད་དང་བློ་གྲོས་སྐྱེས་སུ་ཕུལ་ཞིང་། མཚར་སྡུག་འོད་སྟོང་འཕྲོ་བའི་ཐུན་མོང་གི་རིག་གནས་ཀྱི་སྡོང་པོར་ལོ་མ་སྣ་ཚོགས་ཀྱི་མཛེས་རྒྱན་སྤྲས་ཡོད།
བཞི།
མི་རིགས་མཐུན་སྒྲིལ་ཟེར་བ་ནི་རྩྭ་ཡི་ཉག་མ་རྐང་གཅིག་ལའང་འཚེ་བ་མེད་པར་གཅེས་སྐྱོང་བྱེད་པའི་དམ་བཅའ་བརྟན་པོར་སྲུངས་ཏེ་དྭངས་གཙང་དང་ཡིད་འོང་གི་ཁྱིམ་གཞིས་སྐྲུན་རྒྱུ་དེ་ཡིན་ལ། ཁྱིམ་གཞིས་འདིའི་ནང་དུ་ང་ཚོས་རྩྭ་ཐང་དང་ཞིང་ཐང་གི་ཁུག་སོ་གང་ས་ནས་མཆེད་འོང་བའི་གདོད་མའི་རང་བྱུང་ཁམས་ཀྱི་མཛེས་པ་ལ་ཟུར་མིག་འཕངས་ཏེ། མཐུན་སྒྲིལ་གྱི་མཛའ་གཅུགས་གསེར་ཟམ་འདི་ཉིད་སེམས་ཀྱི་ཉི་ཟླ་ལྟ་བུར་བཟུང་བའི་ཆོད་སེམས་དང་དད་སེམས་འདི་ཡང་ཡིན།
རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན་ཞེས་པ་ལྟར། ང་ཚོས་ནག་ནོག་གི་གཡའ་དང་བྲལ་བའི་གསེར་རི་དངུལ་རི་ལྟ་བུའི་སྐྱེ་ཁམས་ཁོར་ཡུག་ཡོངས་ལ་མིག་དང་དཔྲལ་བ་ཇི་བཞིན་བདག་གཅེས་བྱེད་དགོས་ལ། རང་གི་ཚེ་སྲོག་ལ་གཅེས་པ་ཇི་བཞིན་རྩ་ཆེའི་རི་དྭགས་རྣམས་ལ་གཅེས་སྐྱོང་གང་ལེགས་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་ལྷག་བསམ་དག་པའི་ནུས་པ་གང་ཡོད་འདོན་དགོས་ཨང་།
ལྔ།
མི་རིགས་མཐུན་སྒྲིལ་ཟེར་བ་ནི་ཛ་དྲག་གི་ལོ་ཟླའི་ནང་དུ་ཁ་ངོ་ཡོངས་སུ་བཏུམས་པའི་དཔའ་བོ་དཔའ་མོའི་ཚོགས་ཀྱིས་ནད་ཡམས་ཀྱི་དམག་ས་མདུན་མར་རང་ཉིད་ཀྱི་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ་གཞན་ཕན་གྱི་སླད་དུ་གདོང་མཆོང་བྱེད་པའི་མཛད་རྣམ་རེ་རེ་ཡིན་ལ། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྤུན་ཟླ་ཁག་གིས་སྒེར་སེམས་མེད་པར་མཛའ་བརྩེའི་ཕྱག་ཟུང་བསྲིངས་པའི་མི་ཡུལ་གྱི་དྲོ་སྐྱིད་རེ་རེའང་ཡིན་པས། ལོ་ཟླ་དེ་དག་གི་ནང་དུ་ང་ཚོས་ད་གཟོད་མཐུན་སྒྲིལ་གྱི་སྟོབས་ཤུགས་ནི་ནད་ཡམས་ཀྱི་རྩ་བ་གཅོད་པའི་རལ་གྲི་རྣོ་ངར་ཅན་ཞིག་ཡིན་པ་ངང་གིས་རྟོགས་ཤིང་། མཐུན་སྒྲིལ་གྱི་མདའ་མོར་བརྟེན་ན་གེགས་བར་གྱི་ཕུབ་གང་ཞིག་ཡིན་རུང་རང་དགར་བརྟོལ་ཐུབ་པའི་ཆོས་ཉིད་རྟོགས་འོང་།
དྲུག
འཛམ་གླིང་ས་ཡི་ལྟེ་བར་བརྗིད་ཉམས་ངང་འགྲེང་བའི་ང་ཡི་མེས་རྒྱལ། མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་བརྒྱུས་པའི་ཀྲུང་ཧྭ་ཡི་ཁྱིམ་གཞིས་ཆེན་མོ། འབད་པ་ལྷུར་དུ་ལེན་པའི་ཀྲུང་ཧྭ་ཡི་མི་རིགས་ང་དྲུག ཁྱེད་ཀྱི་པང་དུ་ལང་ཚོའི་བཞུར་རྒྱུན་དང་འགྲོགས་པའི་དུས་རབས་ཤིག་གི་སྙིང་སྟོབས་ལྷོག་ལྷོག་ཏུ་འཁོལ་བཞིན་ཡོད་པས། ང་ཚོས་རྒྱུན་མཐུད་དབྱུག་པ་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་སྙན་དབྱངས་གནམ་སའི་ཀློང་དུ་ཡུན་གྱིས་ལེན་དགོས་སོ།
(མལ་གྲོ་གུང་དཀར་རྫོང་ཨུད་ཏང་གི་སློབ་གྲྭ)