དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • སྲད་ཅེས་པའི་ས་མིང་གི་བྱུང་འཕེལ་ལ་དཔྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-24

    [ནང་དོན་གཙོ་བོ།] ས་མིང་ནི་ཡུལ་དང་ཡུལ་ཅན་གྱི་ཁྱད་པར་སྟོན་པའི་བྱེད་ནུས་ཙམ་མ་ཡིན་པར། དེ་ནི་ལོ་རྒྱུས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ས་གནས་གང་དེའི་མི་རིགས་དང་འབྲེལ་བའི་ལོ་རྒྱུས་རིག་གནས་ཀྱི་འཕེལ་འགྱུར་ཡང་མཚོན། རྩོམ་ཡིག་འདིར་གཙང་ཁུལ་སྲད་ཅེས་པའི་ས་མིང་དེའི་ལོ་རྒྱུས་ཡིག་ཚང་ནང་གི་འབྲི་ཚུལ་མི་འདྲ་བ་དང་དམངས་ཁྲོད་ངག་རྒྱུན་བཟུང་དུ་འབྲེལ་ནས་ས་མིང་དེའི་འབྱུང་ཁུུངས་སམ་འཕེལ་འགྱུར་ཟུར་ཙམ་གླེང་ཁུལ་བྱས་ཡོད།

    [བརྡ་ཆད་གཙོ་བོ།] སྲད། ས་མིང་། བྱུང་འཕེལ།

    གཅིག དམངས་ཁྲོད་ངག་རྒྱུན།

    སྲད་ཅེས་པ་དེ་ལོ་རྒྱུས་ཡིག་ཆའི་ནང་དུ་དོན་མི་འདྲ་བ་ཁག་གསུམ་ཙམ་གྱི་ཆ་ནས་ཐོན་ཡོང་གི་འདུག་པ་སྟེ། གཅིག་ནས་སྲད་བུ་རྒྱུས་ཞེས་སྐུད་པར་བརྒྱུས་པའམ་ཕྲེང་བར་བརྒྱུས་པའི་དོན་ལ་འཇུག་ཅིང་། གཉིས་ནས་སྲད་ཅེས་པ་ས་མིང་གི་སྒོ་ནས་ཐོན་ཡོང་གི་འདུག  གསུམ་ནས་གསོ་རིག་གི་ནང་དུ་སྲད་དུག་ཞེས་རྩི་ཤིང་གི་མིང་དུ་ཐོན་པ་ཡང་འདུག

    འདིར་བཤད་བྱའི་སྲད་ཅེས་པའི་གཙང་ཁུལ་དུ་གནས་པའི་ས་མིང་དེའི་བྱུང་ཚུལ་དང་དེའི་ནང་དོན་གང་ཡིན་ཐད་ལ་ལོ་རྒྱུས་ཡིག་ཆ་ཁག་ལས་ཞིབ་ཕྲ་ཞིག་མ་གསལ་ལ་ས་ལ་ར་བཏགས་སྦྱར་བའི་ཀློག་སྟངས་དེ་བོད་ཀྱི་ས་ཆ་ཁག་ན་མི་འདྲ་བ་འདུག་མོད། འོན་ཀྱང་སྲད་ཞེས་པའི་ས་ཆ་དེས་མཚོན་པའི་གཙང་གི་རྒྱུད་དུ་སྲད་དང་ཧྲད་ཞེས་ཀློག་གིན་འདུག་ལ། དེ་ནས་ཡིན་པའི་མི་ལ་ཨ་ཁུ་སྲད་པ་ཞེས་འབོད་ཀྱི་འདུག ། དམངས་ཁྲོད་དུ་མུ་མཐུད་རྟོག་ཞིབ་བྱས་པ་བརྒྱུད་དེའི་སྐོར་ལ་མིག་སྔའི་ཆར་བཤད་སྲོལ་མི་འདྲ་བ་བཞི་ཙམ་འདུག་སྟེ།

    ༡ རྒྱ་མཚོ་སྐམ་སར་འགྱུར་བ་དང་འབྲེལ་བའི་བཤད་སྲོལ།

    སྔོན་ལུང་པ་དེ་མཚོ་ཡིན་པ་ལས་གུ་རུ་རིན་པོ་ཆེས་འཁར་བས་མཚོ་ཁ་ལ་སྲད་སྲད་བཏང་བ་ལས་ཆུ་རྣམས་རོང་དུ་འདྲེན་པས་ཡུལ་འདིར་སྲད་ཞེས་ཐོགས་ལ། ཆུ་འདྲེན་སའི་རོང་རྒྱུད་ཀྱི་ས་ཆའི་སྤྱི་མིང་ལ་རོང་དང་། དེ་སྲད་ཀྱི་ས་ཆའི་ཁོངས་ཡིན་པས་སྲད་རོང་ཞེས་བརྗོད་པར་ད་ལྟ་ཡང་དེ་ལྟར་གནས་འདུག མཚོ་ནས་སྐམ་སར་འགྱུར་པའི་སྐོར་གྱི བཤད་སྲོལ་ནི་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་དུ་འཁོད་ཡོད་པ་མ་ཟད། ད་དུང་བོད་ཀྱི་ས་ཆ་གཞན་དུ་དེ་ལྟར་བཤད་སྲོལ་འདུག་པ་དཔེར་ན། སྟོད་མངའ་རིས་ཀྱི་རྩྭ་མདའི་ཁུལ་དུ་ཡང་སྔོན་མཚོ་ནས་རིམ་བཞིན་སྐམ་སར་གྱུར་པའི་བཤད་སྲོལ་འདུག་ལ་གནའ་རྫས་རྟོག་ཞིབ་ལས་ཀྱང་ར་སྤྲོད་ཐུབ་ཡོད།

    ༢ གནམ་གཤིས་དང་འབྲེལ་ནས་ཐོགས་ཚུལ།

    ས་ཆ་དེར་སྔོན་མ་ནས་སད་མང་པོ་རྒྱག་གི་ཡོད་པས་སྲད་ཞེས་བརྗོད། སྔོན་ལུང་པ་དེ་སད་ཧ་ཅང་སྡང་པོ་ཡོད་པས་སྐར་མ་བདུན་སད་ཅེས་ཟེར་སྲོལ་འདུག དེ་ནི་གནམ་ལ་སྐར་མ་བདུན་ཤར་བ་ན་སྲད་ལ་སད་རྒྱག་པ་ཡིན་པས་དེ་ལྟར་བརྗོད། ཕྱིས་སུ་མི་དབང་ཕོ་ལྷ་བའི་སྐབས་སུ་གླང་པོ་ཆེའི་སོག་པ་རྩ་ཆེན་ཞིག་སྲད་དུ་གདན་དྲངས་པ་ལས་སད་དེ་སྲུང་ཐུབ་ཙམ་བྱུང་བར་གྲགས།

    ༣ ལོ་རྒྱུས་མི་སྣ་དང་འབྲེལ་ནས་ཐོགས་ཚུལ།

    དེ་ནི་མི་དབང་ཕོ་ལྷ་བའི་སྲས་ཀྱིས་སྲད་རིན་རྩེ་རྫོང་བཟུང་བས་སྲས་ཞེས་ཐོགས་པ་ཡིན་ཟེར་སྐད།

    གཉིས། ལོ་རྒྱུས་ཡིག་ཚང་ནང་དུ་ས་མིང་དེའི་འབྲི་ཚུལ།

    དེ་ཡང་སྲད་ཅེས་པའི་ས་མིང་དེ་ཡིག་ཚང་ཁག་ནང་དུ་འབྲི་ཚུལ་མི་འདྲ་བ་ཅུང་ཟད་འདུག་སྟེ། སྲད་ཀྱི་དུར་པ་སྣ། རུ་ལག་གི་ཡུལ་དཔོན་ཚན་བཅུ་དྲུག་བཤད་པའི་སྐབས་ཀྱི་སྲད་ཅེས་པའི་ཡི་གེའི་འབྲི་ཚུལ། དེ་བཞིན་སྲད་རིན་ཆེན་རྩེ་དང་སྲད་རྒྱུད་ཅེས་པའི་སྐབས་ཀྱི་སྲད་ཞེས་པའི་འབྲི་སྲོལ་སོགས་འདུག 

    སྲད་ཅེས་པའི་ས་མིང་གི་འབྲི་ཚུལ་མི་འདྲ་བ་གཙོ་བོ་གསུམ་སྟེ། སྦྲད། སྲད། བྲད་བཅས་གསུམ་ཡོང་གི་འདུག དེ་བཞིན་དུང་དཀར་ཚིག་མཛོད་ནང་དུ་“བྲད་དང་སྲད་ཟེར་བ་མིང་མི་འདྲ་བ་ལས་དོན་གཅིག་ཡིན་ནམ་སྙམ་ཞིང་། ཡི་གེ་འགའ་ཞིག་ཏུ་སྲད་ཀྱི་དུར་པ་སྣ་ཞེས་བྲིས་པ་དེ་དག་པར་མངོན་”[1] ད་དུང་“བྲད་དང་ཞོང་པ། འདི་ནི་ཁོ་བོའི་རྨོངས་ཚོད་ལ་གཙང་གི་ས་ཆ་སྲད་དང་ཤངས་གཞོང་གཞོང་གི་ས་ཁུལ་ཨེ་ཡིན་སྙམ་” [2] ཞེས་གསུང་འདུག་ལ་དགེ་རྒན་ཆེན་མོ་བ་པ་ཚབ་པ་སངས་དབང་འདུས་ལགས་ནས་“ལྡེའུ་ཆོས་འབྱུང་རྒྱས་པ་ལས་སྲད་ལུང་ཞེས་བྱུང་བ་དག་པར་འདུག་པས་འདིར་དེ་བཞིན་བཀོད། བཀའ་ཐང་སྡེ་ལྔ་ལས་སྲས་ཞེས་གསལ་བ་ནི་ཡིག་ནོར་ཡིན་སྣང་”[3]ཞེས་གསུངས་འདུག

    ཡི་གེའི་གཟུགས་འགྱུར་གྱི་འགྲོས་བཞིན་བྱས་ན། སྲད་དང་བྲད་ནི་སྦྲད་ཞེས་པའི་ཡི་གེ་དེའི་གཟུགས་ཀྱི་འགྱུར་བ་མི་འདྲ་བ་ལས་བྱུང་བར་མིན་ནམ་སྙམ། སྦྲད་ཞེས་པ་དེ་ཡིག་ཟོར་ཡང་བའི་འབྲི་ཐབས་ལས་མིང་གཞི་དོར་བ་ན་སྲད་དང་། ས་མགོ་དོར་བ་ན་བྲད་ཡིན་ཞིང་། དེ་ལྟ་བུའི་དཔེ་གཞན་ཡང་ཡོད་པ་སྟེ། དཔེར་ན། ལ་སོགས་པ་དང་ལ་སྩོགས་པ། དེ་བཞིན་ཁུལ་དེར་དར་བའི་སྲད་བྲག་དམར་གྱི་གཞས་ཆེན་ནང་དུ་ཡང་སྐྱེས་པའི་ཕ་ཡུལ་ལ་བསྟོད་པ་འབུལ་བའི་སྐབས་སུ་གཞས་ཚིག་འདི་འདྲ་ཞིག་འདུག་པ་ནི།“བཀྲ་ཤིས་འབྲས་ཡུལ་སྐྱིད་པོ་བུམ་པ་ཆུ་འཁོར་འདྲ་ཡོད་” [4] ཞེས་འཁོད་འདུག ས་ཆ་དེའི་མི་རྣམས་ཀྱི་ངག་རྒྱུན་དུ་སྲད་བུམ་པ་ཆུ་རྒྱུད་ཞེས་འབོད་སྲོལ་ད་ལྟ་ཡང་འདུག  དེང་གི་ས་མིང་འབོད་སྲོལ་མི་འདྲ་བ་ཙམ་ལས་སྔོན་གྱི་དུས་སུ་ཡུལ་དེར་འབྲས་སམ་སྦྲད་ཞེས་འབོད་སྲོལ་ཡོད་པ་མིན་ནམ་སྙམ་ལ། གོང་དུ་ཞུས་པ་བཞིན་སྲད་དང་བྲད་ནི་སྦྲད་ལས་གཟུགས་འགྱུར་བ་མིན་ནམ་སྙམ།

    དེ་བཞིན་སྲས་ནི་གོང་དུ་ཞུས་པ་བཞིན་ཡིག་ནོར་ཡིན་པའི་དབང་དུ་བཏང་ན་པྲད་དང་ཁྲད་ནི་མཚམས་རེ་སྒྲའི་གདོན་སྲོལ་མི་འདྲ་བ་བཞིན་བྲིས་པ་མིན་ནམ་སྙམ་པ་ལས་ཁོ་མོས་ཁ་མཚོན་ཚིག་མཚོན་གཅོད་ཐབས་བྲལ་བས་མུ་ཐུད་དཔྱད་པར་འཚལ།

    ཡང་སྲད་ཅེས་པའི་ཡི་གེ་དེའི་ཀློག་སྟངས་ལ་མདོ་དབུས་ཁམས་གསུམ་དུ་མི་འདྲ་བ་འདུག་པས། གཙང་ཁུལ་དུ་སྲད་ལུང་པ་དང་དེ་བཞིན་ས་ཆ་ཕལ་ཆེ་བར་སྲད་ཅེས་པའི་ཡི་གེ་དེར་ཧྲད་ཅེས་པའི་སྒྲ་འདོན་གྱི་འདུག  ཕྱིས་སུ་ཡོངས་སུ་སྲད་ཅེས་འབྲི་སྲོལ་འདུག དབུས་སུ་ད་ལྟ་སྲད་ཅེས་པའི་ཡི་གེ་དེའི་ར་བཏགས་དོན་ནས་ཐད་ཀར་སད་ཅེས་ཀློག་གི་འདུག་ལ་གནའ་བོའི་སྐབས་མཚམས་རེ་སྲམ་ཞེས་པ་ལྟ་བུར་པྲམ་དུ་ཡང་ཀློག་གི་ཡོད་པ་འདྲ། དེ་བཞིན་སྲན་མ་ཞེས་པ་དེར་སྲ་ཡི་སྒྲ་འདོན་སྟངས་མི་འདྲ་བའི་དབང་གིས། སྲན་མ་དང་ཧྲན་མ། པྲན་མ་བཅས་ཡོང་གི་འདུག དཔེར་ན་མལ་གྲོའི་ཁུལ་དུ་དར་བའི་གཏམ་དཔེ། ཕར་རི་བྲག་གི་འདབས་ལ་འུག་པས་ངར་ངར་འབད་འབད། སྲམ་གྱིས་ཆུ་མོའི་སྟེང་ལ་སྣང་དག་ཤིག་ཟེ་མིན་འདུག་ཅེས་པའི་ནང་གི་སྲམ་ཞེས་པ་དེ་ཁ་སྐད་ནང་དུ་པྲམ་ཞེས་པའི་སྒྲ་དོན་ཡོང་གི་འདུག་ལ། ས་མིང་པྲགས་ཞེས་པ་དེར་ཡང་སྲགས་ཞེས་པའི་འབྲི་སྲོལ་ཡང་ཡོང་གི་འདུག  ས་པན་སོགས་ས་སྐྱའི་བླ་མ་ཁ་ཤས་ཀྱི་རྣམ་ཐར་ནང་དུ་སྲད་ལ་པྲད་ཅེས་བྲིས་ཡོད་པ་དང་སྲད་རིན་ཆེན་རྩེ་ལ་པྲད་རིན་ཆེན་རྩེ་ཞེས་བྲིས་འདུག  སྲབ་པོ་ལ་པྲབ་པོ་དང་ས་མིང་གད་སྲམ་ལ་གད་པྲམ་སོགས་པའོ།


    [1]དུང་དཀར་ཚིག་མཛོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ཤ ༨༧༦

    [2]དུང་དཀར་ཚིག་མཛོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ཤ ༥༦༤

    [3] པ་ཚབ་པ་སངས་དབང་འདུས། བོད་ཀྱི་གནའ་བོའི་རྒྱལ་ཕྲན་དང་། རྒྱལ་ཕྲན་སིལ་མ། སྟོང་སྡེ། ཡུལ་དཔོན་ཚན་བཅས་ཀྱི་ཞིབ་འཇུག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༠ ༦ ཤ༢༠༧

    [4]བོད་ཀྱི་དམངས་གཞས་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ཤ༡༣༧

    (ཚེ་རིང་ཆུང་བདག མལ་གྲོ་གུང་དཀར་རྫོང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།