རྒྱལ་གཅེས་མི་སྣ་མི་དབང་ཕོ་ལྷ་བ་དང་འབྲེལ་ནས་སྲད་རིན་ཆེན་རྩེ་རྫོང་ཅུང་ཟད་བཤད་པ།
[ནང་དོན་གནད་བསྡུས།] རྒྱལ་གཅེས་མི་སྣ་མི་དབང་ཕོ་ལྷ་བ་ནི་དུས་རབས་བཅུ་བདུན་པའི་དུས་མཇུག་དང་དུས་རབས་བཅོ་བརྒྱད་པའི་དུས་འགོར་བྱོན་པའི་བོད་ཀྱི་ལོ་རྒྱུས་ཐོག་གི་མི་སྣ་གལ་ཆེན་ཞིག་རེད། རྩོམ་ཡིག་འདིར་མི་དབང་ཕོ་ལྷ་བའི་རྒྱལ་གཅེས་གཅིག་འགྱུར་གྱི་མཛད་པ་དང་འབྲེལ་ཏེ་སྲད་ཡུལ་དུ་ས་ཁྱབ་རྡོ་ཁྱབ་ཏུ་འགྱུར་བའི་རྒྱལ་པོ་མི་དབང་དང་དེའི་བཞུགས་གནས་སྲད་རིན་ཆེན་རྩེའི་ལོ་རྒྱུས་དག་ཡིག་ཆ་དང་ཡུལ་དངོས་རྟོག་ཞིབ་ཟུང་དུ་འབྲེལ་ནས་བརྗོད་ཁུལ་བྱས་
[ཐ་སྙད་གཙོ་བོ།]མི་དབང་ཕོ་ལྷ་བ། སྲད་རིན་ཆེན་རྩེ། རྒྱས་གཅེས།
དང་པོ། སྲད་ལུང་པ་ངོ་སྤྲོད།
སྲད་ལུང་པ་ནི་བོད་ལྗོངས་གཞི་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ཁོངས་ཀྱི་ལུང་ཤུར་ཞིག་ཡིན་ཞིང་། དེ་ནི་སྲད་ཆུ་རྒྱུགས་ཁུལ་གྱི་ས་ཆ་རྣམས་ལ་ཟེར་ཞིང་། དམངས་ཁྲོད་དུ་དེའི་ཁུལ་ལ་སྲད་བུམ་པ་ཆུ་རྒྱུད་ཅེས་བརྗོད་ཀྱི་ཡོད། ཁུལ་དེར་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་ལ་ཕུ་རུ་འབྲི་གཡག་ནོར་གསུམ་ཞིང་། མདའ་རུ་ཞིང་ནང་ལོ་ལེགས་བཟང་བའི་ས་མ་འབྲོག་གི་ཡུལ་ལུང་ཞིག་རེད། ཡུལ་དེའི་ཤར་ཕྱོགས་ནི་རྒྱས་ལ་[1]གཙོ་བོར་བྱས་པའི་ལམ་ཕྲན་ཁག་ནས་མྱང་གཞུང་གི་ཁུལ་དང་ས་འབྲེལ་ཞིང་། ལྷོ་ཕྱོགས་ནི་སྲད་སྟོད་ཀྱི་སྐྱོ་དཀའ་ལ་[2]དང་སྲད་སྨད་ཀྱི་ཟངས་ལ། ལ་དགུ་ལུང་དགུ་བཅས་ལས་འབྲི་མཚམས་ཁུལ་དང་འབྲེལ་ཡོད་ལ། ནུབ་བྱང་ནི་སྲད་སྨད་ལ་ཐོག་ལ་དང་རོང་རྒྱུད་ལས་ཚ་རོང་དང་ཤབ་ཁུལ་དབར་གྱི་འབྲེལ་ནས་ཡོད། དེ་བཞིན་བྱང་ཕྱོགས་ནི་གཙོ་བོ་སྲད་སྨད་ཀྱི་རྒྱ་གླིང་ལ་[3]དང་སྲད་སྟོད་ཀྱི་རྔམ་པོ་སྡུག་བསྡལ་ལ་གཉིས་ནས་བྱང་ཕྱོགས་སྣར་ཁུལ་ལ་སོགས་པའི་བྱང་ཕྱོགས་ས་ཆ་རྣམས་དང་ས་འབྲེལ་དུ་གནས་ཡོད།
སྲད་ཅེས་པའི་ས་མིང་དེ་ནི་བོད་བཙན་པོའི་སྐུ་དུས་ནས་ཡོད་པའི་ས་མིང་ཞིག་ཡིན་ཞིང་ཁུལ་དེར་ད་ལྟ་ཡང་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་རྗེས་ཤུལ་མང་པོ་ཡོད་དེ་བྲག་བརྐོས་རི་མོ་དང་སྤེ་[4] བོན་གྱི་དགོན་ཤུལ། བོད་ཀྱི་བཙན་པོའི་སྐབས་རུ་ལག་གི་ལྟེ་བ་སྲད་ཀྱི་དུར་པ་སྣ། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འཆད་ཉན་སྤེལ་ཡུལ་སྲད་རྒྱུད་དགའ་ལྡན་ཕོ་བྲང་། མི་དབང་ཕོ་ལྷ་བའི་བཞུགས་གནས་སྲད་རིན་ཆེན་རྩེ་རྫོང་སོགས་ཡོད།
གཉིས་པ། མི་དབང་ཕོ་ལྷ་བ་སྲད་དུ་ཕེབས་པའི་སྐོར།
གཅིག མི་དབང་ཕོ་ལྷ་བས་སྲད་དུ་མཛད་པ་བསྐྱངས་ཚུལ།
༡ སྲད་རིན་ཆེན་རྩེ་རྫོང་ཉམས་གསོ་གནང་བ།
སྲད་རིན་རྩེ་རྫོང་ནི་མིང་ཆ་ཚང་ལ་སྲད་རིན་ཆེན་རྩེ་རྫོང་ཟེར་བ་དང་། དེ་ནི་ཐོག་མ་སུས་བཞེངས་མིན་ད་བར་གསལ་ཁ་མ་ཆོད། ད་ལྟ་མཐོང་རྒྱུ་ཡོད་པའི་གནའ་ཤུལ་ལས་མཐོང་གསལ་དེ་ནི་དཔའ་བོ་རི་ཞེས་རི་ཆེན་དེའི་སྣེ་མོ་གླང་ཆེན་གྱི་མགོ་བོའི་དབྱིབས་དེའི་སྟེང་དུ་ཆགས་ཤིང་། དེ་ནི་གྲིའི་ངོ་འདྲ་བའི་རི་ཟུར་དུ་གནས་འདུག ། དེར་འཛུགས་སྐྲུན་ཁག་མི་འདྲ་བ་གཉིས་ཙམ་ལས་གྲུབ་པ་དང་། དེ་དག་ནི་རྩེ་རྒྱལ་གྱི་གནའ་ཤུལ་དང་དགོན་གནས་ནོར་བུ་ཆོས་འཁོར་གླིང་གི་གནའ་ཤུལ་བཅས་གཉིས་འདུག། ས་གནས་དེ་གའི་མང་ཚོགས་ལ་བཅར་འདྲི་ཞུ་བ་བརྒྱུད་རྩེ་རྒྱལ་ནི་རྩེ་ཡི་རྒྱལ་པོ་ཞེས་ཐོག་མར་མི་དབང་ཕོ་ལྷ་བའི་སྐབས་སུ་བཞེངས་པ་ཞིག་ཡིན། དེ་ཡང་རྒྱལ་པོ་མི་དབང་གིས་དང་ཐོག་རྫོང་དེ་གནས་གཞན་ཞིག་སྟེ་ད་ལྟ་མང་ཚོགས་ནས་རྫོང་ཆུང་ཞེས་འབོད་པའི་རི་སྟེང་དུ་བཞེངས་བརྩིས་གནང་ཏེ་དེར་བརྩིགས་རྨང་གདིང་བ་དང་ཅུང་ཙམ་ལོན་རྗེས། ཉིན་ཞིག་ཕོ་རོག་གཅིག་འཕུར་ནས་ཡོང་སྟེ་ཐིག་དེ་འཁྱེར་ནས་ད་ལྟའི་གནའ་ཤུལ་ཡོད་སའི་རི་སྟེང་དུ་འཕུར་བས་རྒྱལ་པོའི་སེམས་ནང་དུ་རྫོང་ཕ་གིར་བཞེངས་ན་ལེགས་པར་བསམ་པས་རྫོང་དེ་ད་ལྟའི་གནའ་ཤུལ་ཡོད་ས་དེར་བཏབ་ཞེས་དམངས་ཁྲོད་དུ་བཤད་སྲོལ་དེ་འདྲ་འདུག ། ད་དུང་སྐབས་དེར་རིན་རྩེ་རྫོང་གསར་བཞེངས་གནང་བའི་སྐབས་ཨར་པོ་རྒྱུགས་མཁན་གཙང་གམ་པ་ལ་མོའི་ཡན་ཆོད་ནས་བསྐོང་བར་གྲགས་ཤིང་། དུས་ཡུན་ཡང་ཧ་ཅང་རིང་པོ་འགོར་བ་སྟེ། ཨར་པོ་བ་ནང་ཁུལ་དུ་བྱུང་བའི་ཕྲུ་གུ་ཡང་ཕྱིས་སུ་ཨར་པོར་འགྲོ་ཐུབ་པ་བྱུང་ཡོད་ཞེས་གནའ་གཏམ་དེ་ཚོ་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་གནས་འདུག མ་ཟད་སྐབས་དེའི་ཨར་པོའི་རྒྱུ་ཆ་རྡོ་དག་ནི་དེང་རྫལ་གདོང་[5]ནས་མ་ཎི་ལག་ཤུགས་བརྒྱུད་ནས་རྩེ་རྒྱལ་དུ་འདྲེན་པའི་བཤད་སྲོལ་ཡང་ཡོད་དོ།
༢ ཇུན་གར་དམག་མཐར་སྤྲོད་བཏང་བ།
དེ་བཞིན་སོག་པོ་ཇུན་གར་སྲད་རིན་ཆེན་རྩེ་རྫོང་གཏོར་བར་ཡོང་བའི་སྐོར་ཞིག་བཤད་སྲོལ་འདུག་སྟེ། རྩེ་རྒྱལ་ནི་རི་རྩེ་ན་ཡོད་ཅིང་དེའི་འཐུང་ཆུ་རྟག་པར་རི་གཤམ་གྱི་རྫོང་མདའ་ཆུ་ཐག་ཞེས་པའི་འོག་ནས་ལེན་དགོས་པས། སོག་པོ་ཇུན་གར་གྱིས་རྩེ་རྒྱལ་ལ་དམག་དྲངས་དུས་ཇུན་གར་གྱིས་དཀའ་གནད་དེ་འཛིན་པའི་ཁུལ་གྱིས་ཐོག་མར་རྩེ་རྒྱལ་ལ་ཆུ་བཀག་བཏང་བ་ཡིན་འདུག ཡིན་ནའང་། མི་དབང་གི་ལྕམ་ནི་ཐབས་དང་ལྡན་པ་ཞིག་ཡིན་རྐྱེན་ཁོང་གིས་ཆུ་ཡོད་མདོག་གིས་མར་ཁུ་བཞུར་ནས་སྣམ་བུར་འཆག་བཅག་པའི་ཚུལ་གྱིས་འཆག་གླུ་ལེན་པ་ཞིང་། མར་ཁུ་དེ་འཆག་ཁུ་ཡིན་ཁུལ་གྱིས་སྒེའུ་ཁུང་ནས་སྐྱ་ཆིལ་ཆིལ་དུ་ཤོས་པས། རི་གཤམ་ན་ཡོད་པའི་ཇུན་གར་གྱི་དམག་དཔུང་གི་མཐོང་མ་ཐག་ཆུ་བཀག་བཏང་ཡང་དགོས་པ་མིན་འདུག ཆུ་ནི་ཡོད་པའི་མ་ཚད་ཆུ་ཤོད་ཀྱི་འདུག་ཞེས་བཤད་ནས། ཇུན་གར་དམག་དཔོན་ཁོང་གིས་དྲེལ་བཞོན་ནས་ལྟག་སྣའི་[6]ངོས་ཀྱི་ལམ་དེ་ནས་ཡར་རྩེ་རྒྱལ་ལ་ཕྱིན་པ་རེད། རྩེ་རྒྱལ་ནི་མི་དབང་གི་སྐུ་དུས་སུ་གཙོ་བོ་དམག་ཉེན་འགོག་བྱེད་དགོས་པ་གལ་ཆེན་ལ་དམིགས་པར་བརྟེན་དམག་ཟོན་གྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད་ས་རེད། དེའི་མཆོད་བརྟེན་གྱི་ངོས་ན་རྒྱལ་སྒོ་གཉིས་ཡོད་པ་སྟ་གྲི་ཞུས་ནས་བཤགས་པ་དང་། རྩེ་རྒྱལ་དུ་སླེབས་མཚམས་སུ་ད་དུང་རྒྱལ་སྒོ་གཅིག་ཡོད་རེད། དེར་སླེབས་ཙམ་ན་དམག་དཔོན་དང་དྲེལ་གཉིས་ཚར་བཅད་ཤིང་། ས་ཆ་དེར་དར་ཆེན་ཞིག་བརླངས་ཡོད་ཅིང་། དམག་དཔོན་དང་དྲེལ་དེ་གཉིས་ཀའི་པགས་པ་བཤུས་ནས་ རྔ་ཞིག་བཟོས་། རྔ་དེའི་གཞོགས་གཅིག་ནི་མི་པགས་སྟེ་དམག་དཔོན་དེའི་པགས་པ་དང་གཞོགས་གཞན་དེ་ནི་དྲེལ་དེའི་པགས་པ་ཡིན་པར་གསུང་། ད་དུང་དམག་དཔོན་གྱི་མགོ་ལག་ཀྱང་སྲད་རྫོང་དུ་ཡུན་རིང་ཉར་བའི་བཤད་སྲོལ་ཞིག་ཀྱང་འདུག སྐབས་དེ་དུས་ཇུན་གར་གྱི་དམག་དཔོན་བསད་ཟིན་པ་དང་དམག་མི་གཞན་རྣམས་ནི་རི་གཤམ་ན་ཡོད་སྟབས་རྦབ་རྡོ་ཕབ་ནས་ཚར་བཅད་པར་གྲགས་ཤིང་། ད་ལྟ་ཡང་རི་གཤམ་ན་བྲག་གོང་ཆེན་པོ་འགའ་ཞིག་མཐོང་རྒྱུ་འདུག་པ་དེ་དག་རེད་ཅེས་གསུང་། མི་དབང་རྟོགས་བརྗོད་ནང་དུ་“དེའི་ཉིན་ཕྱི་མ་ལ་ཕོ་བྲང་རིན་ཆེན་རྩེར་ཞབས་ཀྱི་པདྨ་བཀོད་དེ་ཕོ་བྲང་གི་ཕྱི་དང་ནང་ཀུན་ཏུ་རྟོག་ཅིང་དཔྱད་ནས། ཕྱི་རོལ་གྱི་ལྕགས་རི་དང་། ཆུ་སྤེ་ལ་སོགས་པ་ཉམས་པ་གསོ་བ་དང་། མདའ་དང་མེ་མདའ་འཕང་བའི་ཁུང་བུ་གསར་དུ་བསྐྲུན་པ་སོགས་འབངས་རྣམས་ལ་ཚིག་གིས་བསྒོ་ཞིང་། ཆབ་རོལ་རྣམས་གཡུལ་དུ་འཇུག་དགོས་པའི་བརྡ་ཡང་སྦྱར།”[7] དེ་ལས་ཆུ་ནི་རིན་ཆེན་རྩེའི་ཆེས་དཀའ་ངལ་ཆེ་བའི་གནད་ཞིག་ཡིན་པར་སྣང་སྟེ། ད་ལྟ་རྫོང་གནས་སའི་རི་དེའི་གཞོགས་ཤར་ངོས་ཀྱི་ལོགས་ན་རྨིད་ཁ་ཤས་ཀྱི་ས་ན་བརྩིགས་ཤུལ་རེ་མཐོང་རྒྱུ་ཡོད་ཅིང་། དེ་ནི་རི་གཤམ་དེའི་རྫོང་མདའ་ཆུ་ཐག་གི་ཆུ་འབབ་ནས་རྫོང་གི་རྩེ་བར་བསྣོལ་ཁ་དང་བཅས་པར་འདུག མང་ཚོགས་ནས་རྫོང་གི་ཆུ་ལེན་ས་ཡིན་པར་གསུང་གི་འདུག དེ་བཞིན་ཏུའུ་ཆི་ཡིས“རྫོང་དེ་ཉམས་གསོ་མ་བྱུང་བ་ཡུན་རིང་སོང་འདུག་ཀྱང་། དེའི་འཐུང་ཆུའི་འཁོ་འདོན་ལ་བཀག་འགོག་མི་ཡོང་བའི་ཆེད་དུ་བཟོས་པའི་ཆུ་འགྲམ་བར་དུ་ཐུག་པའི་བརྩིགས་པ་དག་ནི་ད་དུང་བཤིག་མིན་འདུག སྔར་བཞིན་གྲི་ཁ་ལྟ་བུའི་བྲག་ཟུར་ན་གནས་འདུག”[8]ཞེས་གསུང་ཡོད།
༣ ནོར་བུ་ཆོས་འཁོར་གླིང་ཉམས་གསོ།
ནོར་བུ་ཆོས་འཁོར་གླིང་ནི་རྩེ་རྒྱལ་དང་ལྷན་དུ་ཡོད་པའི་དགོན་པ་ཞིག་ཡིན་ཞིང་ད་ལྟ་རྩེ་རྒྱལ་བཞིན་གནའ་ཤུལ་དུ་ལུས་འདུག ། དགོན་དེ་ཐོག་མ་སྙིང་མ་བའི་དགོན་པ་ཡིན་ཞིང་པན་ཆེན་བློ་བཟང་ཆོས་རྒྱན་སྐབས་དགེ་ལུགས་པར་བསྒྱུར་བའི་བཤད་སྲོལ་ཞིག་འདུག “དེ་ནས་སྡེ་པ་སྲད་རིན་ཆེན་རྩེ་པ་དང་མཆོད་ཡོན་གཉིས་ཀྱིས་རིན་ཆེན་རྩེ་ལ་ཆོས་སྡེ་གསར་དུ་བཙུགས། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་དང་རྒྱུད་པ་གྲྭ་ཚང་གིས་རབ་ནས་མཛད།”[9]ཕལ་ཆེར་དེ་དུས་མཚམས་ནས་དགེ་ལུགས་པར་བསྒྱུར་བར་བསམ། ད་དུང་། གནའ་བོའི་སྐབས་དགོན་དེ་དང་རིན་ཆེན་རྩེ་རྫོང་ནི་རི་སྟེང་དུ་ཆགས་ལ་གཡས་གཡོན་དུ་ཆུ་མིག་དང་ཕུ་ཆུ་སོགས་གང་ཡང་མེད་རྐྱེན་འཐུང་ཆུའི་གནད་དོན་ནི་འཁུར་པོ་ཞིག་ཡིན་པས། འཐུང་ཆུ་རི་གཤམ་ནས་བོང་བུར་མ་ལེན་ཐབས་མེད་བྱུང་ཡོད།
གསུམ་པ། མི་དབང་ཕོ་ལྷ་བས་སྲད་ལུང་པར་ཐེབས་པའི་ཤུགས་རྐྱེན།
གཅིག མི་དབང་དང་འབྲེལ་བའི་ས་མིང་།
སྐྱེད་ཚལ་ཀླུ་ལྡིངས། སྲད་རིན་རྩེ་རྫོང་གི་གཤམ་ན་ཡོད་པའི་ས་ཆ་ཁུག་ཁུག་ཅིག་གི་མིང་སྟེ། སྲད་རིན་ཆེན་རྩེ་རྫོང་ནི་དཔའ་བོ་རི་ཞེས་པའི་རི་ཚན་ཆེ་བ་ཞིག་གི་སྣེ་མོ་ལག་པ་བརྐྱངས་པ་ལྟ་བུའི་སྣེ་ཟུར་ན་ཆགས་འདུག དམངས་ཁྲོད་དུ། སྲད་རྫོང་ཆགས་སའི་རི་དེའི་དབྱིབས་ནི་གླང་ཆེན་གྱི་མགོ་བོ་ལྟ་བུ་ཡིན་ལ། ཀླུ་སྡིངས་གནས་སའི་ས་ཆ་དེ་ནི་ཏག་ཏག་གླང་ཆེན་གྱི་རྣ་ཁུང་དུ་འཁེལ་བས་ས་ཆ་དེ་ནི་དེ་བརྒྱུད་ཀྱི་ས་ཆ་གཞན་ལས་དྲོ་བར་གསུང་གི་འདུག དེར་རྒྱལ་པོ་མི་དབང་གི་སྐུ་དུས་སུ་སྐྱེད་ཚལ་ཀླུ་སྡིངས་ཞེས་པ་བཙུགས་ཤིང་། ཀླུ་སྡིངས་ནི་སྔོན་བདེ་སྐྱིད་ཚོགས་ཁང་ཞེས་པ་ཡོད་ཅིང་། ཕྱིས་སུ་དེར་གྲོང་སྡེ་ཞིག་ཆགས་ནས་མིང་དུ་ཀླུ་སྡིངས་ཟེར། སྐྱེད་ཚལ་ནི་དེང་ཀླུ་སྡིངས་དང་ཉེ་བའི་ས་ན་ཤོལ་པོ་སྡོང་པོ་གཅིག་འདུག ཚྭ་ཁང་། དེ་ནི་སྔོན་རིན་ཆེན་རྩེ་རྫོང་གི་ཚྭ་འཇོག་ས་ཡིན་པས་ཚྭ་ཁང་ཞེས་ཐོགས། བལ་ཁང་། དེ་ནི་སྔོན་རིན་ཆེན་རྩེ་རྫོང་གི་བལ་འཇོག་ས་ཡིན་པས་བལ་ཁང་ཞེས་ཐོགས་པར་གྲགས། ཁྱུང་གོང་། དེ་ནི་སྔོན་རྒྱལ་པོ་མི་དབང་གི་མ་བྱན་ཨ་ཁྱུང་ཞེས་པ་ཞིག་ཡོད་པ་ཁོང་གི་བརྒྱུད་པ་གནས་དེར་གཞིས་ཆགས་པ་ལས་ཁྱུང་གོང་ཞེས་ཐོགས་ལ། ཁོང་གི་རྒྱུད་པའི་ཁྱིམ་ཞིག་གྲུབ་པ་ལས་ཁྱིམ་མིང་དུ་ཁྱུང་དཔལ(བལ)ཟེར། སྔོན་ཚེ་མི་ཚང་དེར་ཡང་མ་བྱན་ཨ་ཁྱུང་གི་བྱས་རྗེས་ལ་བརྟེན་ནས་རྩྭ་ཁ་ལ་ཡང་ཕྱི་ཡི་རྒྱང་ར་ཆེན་མོ་དང་ནང་གི་རྒྱང་ར་ཆེན་མོ་ཞེས་ཡོད་ལ། ཕྱི་ཡི་རྒྱང་ར་ལ་སྲད་རོང་གི་ས་ཆ་གང་ལ་གང་འཚིས་ཙམ་ཟིན་ཐུབ་ཀྱི་ཡོད།
མཚེར་མོ་ཆེ། དེ་ནི་རྒྱལ་པོ་མི་དབང་གི་སྐུ་དུས་སུ་ལུག་མཚེར་མོ་འཚོ་ས་ཡིན་པས་མཚེར་མོ་ཆེ་ཞེས་ཐོགས། དེ་ནི་ལ་ལྷོ་ཤང་མདོ་ཚལ་གྲོང་ཚོའི་འབྲོག་ས་ཞལ་གྱི་མདོ་ན་ཡོད།
རྟ་ལམ་པ། དེ་ནི་རྒྱལ་པོ་མི་དབང་གི་ཞིང་གི་མིང་ཡིན། དེང་རིན་ཆེན་རྩེའི་རྫོང་ཤུལ་གྱི་ཉེ་འདབས་ན་ཡོད།
རྫོང་མདའ་ཆུ་ཐག རྒྱལ་པོ་མི་དབང་གི་སྐུ་དུས་བྱུང་བའི་ཆུ་ཐག་ཞིག་གི་མིང་སྟེ། རིན་ཆེན་རྩེའི་གཤམ་ན་ཡོད། དེའི་འདབས་ཀྱི་བྲག་ངོས་ན་བྲག་བརྐོས་རི་མོ་ཁག་གཉིས་ཙམ་འདུག
ཁྲོ་བཙུགས། དམངས་ཁྲོད་དུ་དེ་ནི་མི་དབང་ཕོ་ལྷ་བས་ཚ་ཕོགས་རྒྱབ་ས་ཡིན་པས་མིང་དེ་ལྟར་ཐོགས། དེ་མིན་པར་ད་དུང་སྲད་རིན་ཆེན་རྩའི་གཤམ་འོག་དང་ཉེ་འགྲམ་ན་གནས་པའི་གྲོང་ཚོར་དག་ན་ཁྱིམ་མིང་ལུག་ར་དང་། མཛོ་ར། རྟ་མོ་བ། མཛོ་རུ། སྒོག་ར་སོགས་ནི་དམངས་ཁྲོད་དུ་མི་དབང་སྐུ་དུས་ཀྱི་ཐོན་སྐྱེད་ལས་རིགས་ཁག་གི་འདེབས་གསོའི་གནས་གཞི་མཚོན་ཡོད་ལ། དུས་ཕྱིས་སུ་དེ་དག་སྒེར་དབང་བྱུང་དུས་གནས་གཞི་དེ་དག་ན་བསྒོ་བསྐལ་དུ་ཐོབ་མཁན་གྱི་ཁྱིམ་མིང་དུ་གྱུར་བའོ། དེ་བཞིན་དེའི་སྐབས་སུ་རིན་ཆེན་རྩེ་རྫོང་དང་འདབས་འབྲེལ་ན་ཡོད་པའི་ནོར་བུ་ཆོས་འཁོར་གླིང་དགོན་གྱི་ལས་དོན་གཉེར་བ་ལས་འབྲེལ་ཡོད་ཀྱི་གྲོང་མིང་དུ་གྱུར་བ་ཡང་འདུག
གཉིས། མི་དབང་དང་འབྲེལ་བའི་གནའ་ཤུལ།
ཆོས་བརྟེན་སྐྱོང་། དེང་མདོ་ཚལ་གྲོང་ཚོའི་འབྲོག་ས་ཞལ་ཞེས་པ་དེར་མཆོད་བརྟེན་སྐྱོང་ཞེས་པའི་ས་མིང་དང་བརྩིགས་ཤུལ་འདུག ས་དེའི་བགྲེས་སྲོང་ལ་བཀའ་འདྲི་ཞུ་བ་ལས་ཤེས་གསལ། ཞལ་ཞེས་པ་དེ་ནི་སྔོནརྒྱལ་པོ་མི་དབང་གི་སྐུ་དུས་སུ་མཛོ་དང་རྟ་འཚོ་སའི་ལྟེ་གནས་ཡིན་ཞིང་། དེར་ཆེད་མངགས་རྡོའི་མཆོད་བརྟེན་ཞིག་བཞེངས་ནས་ཟུང་རྫས་སུ་སྐུ་རྩ་ཆེན་ཞིག་བཅུག་པས་དེའི་བྱིན་རླབས་ཀྱིས་ཞལ་གྱི་མཛོ་ནི་ཚེ་རིང་བ་དང་སྤུས་ཀ་དག་་བཅས་ཀྱི་ཞལ་གྱི་ཞེས་ལེགས་པར་བརྩི་སྲོལ་འདུག་ལ། སྔོན་སྐབས་ཤིག་རིང་མཛོ་ཞལ་དུ་མ་ཏོག་བཏང་མི་རུང་བའི་སྲོལ་ཡང་བྱུང་འདུག དུས་ཕྱིས་ཉམས་ ་ཞིང་མཆོད་རྟེན་དེ་ཡང་རིམ་བཞིན་ཞིག་རོར་འགྱུར།
གཡའ་སྔོན། གཡའ་སྔོན་གནའ་ཤུལ་ནི་ཁྲོ་བཙུགས་གྲོང་ཚོའི་ཁོངས་ཀྱི་རི་ཁུ་ཞིག་ན་འདུག་ཅིང་། ས་ཆ་དེའི་བརྒྱུད་ཀྱི་མི་རྣམས་ཀྱི་ཁ་རྒྱུན་དུ་གཡོས་སྔོན་ཞེས་འབོད་ཀྱི་འདུག །མི་དབང་རྟོགས་བརྗོད་ནང་དུ་དེར་དབྱེ་སྔོན་ཞེས་བྲིས་འདུག །ས་ཡུལ་དངོས་ཀྱི་རྟོག་ཞིབ་བརྒྱུད་དེར་ཁུལ་དེའི་མི་རྣམས་ཀྱིས་གསུང་སྲོལ་དེར་གཡའ་སྔོན་ཞེས་དགོན་པ་དེ་ནི་གཡའ་སྔོན་མོས་བསྐོར་བའི་རི་སྟེང་དུ་ཆགས་ཡོད་པས་གཡའ་སྔོན་དང་། དེ་ནི་བཙུན་མའི་དགོན་པ་རེད་ཅེས་བཤད་ཀྱི་འདུག
མན་ཐང་། མན་ཐང་ནི་རྡོ་བརྐོས་མ་ཎི་བརྩིགས་པ་ལས་གྲུབ་པའི་གྱང་དང་མ་ཎི་ལྷ་ཁང་ལ་ཟེར་གྱི་འདུག བོད་ཀྱི་ས་ཆ་མང་ཆེ་བར་མཐོང་རྒྱུ་འདུག་ལ། མང་ཆེ་བ་ནི་གྲོང་གི་དཀྱིལ་དང་གཞུང་ལམ་གྱི་འགྲམ་དུ་བཞེངས་པ་ཤ་སྟག་རེད། སྲད་རིན་ཆེན་རྩེའི་རྫོང་གི་གཤམ་འོག་ན་ཡང་རྒྱལ་པོ་མི་དབང་དང་འབྲེལ་བའི་མན་ཐང་ཡོད་ཅིང་། དེ་དག་གི་མི་མིང་མན་ཐང་གི་མིང་དུ་ཐོགས་པར་བཤད་གིས ད་ལྟ་ཁ་ཤས་མཐོང་རྒྱུ་འདུག་ལ་རི་འགའ་མིང་གི་ལྷག་མར་འགྱུར་འདུག དམངས་ཁྲོད་དུ་བཤད་སྲོལ་མི་འདྲ་བ་ཁག་ལས་གཅིག་ནི་རྒྱལ་པོ་མི་དབང་གི་གཡོག་པོ་ཁག་གཉིས་ནས་བཞེངས་པའི་བཀྲ་ཤིས་མན་ཐང་དང་དར་རྒྱས་མན་ཐང་གཉིས་ཡོད་པར་བཞེད་པ་དང་། བཤད་སྲོལ་གཉིས་པ་ནི་རྒྱལ་པོ་མི་དབང་གི་སྲས་གསུམ་པོ་གྲོངས་པའི་སྐུ་ཚབ་ཏུ་མན་ཐང་རེ་རེ་བཞེངས་པར་གོང་གི་གཉིས་པོ་དེའི་ཐོག་ལྷུན་གྲུབ་མན་ཐང་[10]ཟེར་བ་ཞིག་འདུག འོན་ཀྱང་མི་དབང་གི་སྲས་དང་འབྲེལ་བའི་བཤད་སྲོལ་དེ་ནི་ལོ་རྒྱུས་དོན་དངོས་དང་མི་མཐུན་པས་གཡོག་པོས་བཞེངས་པའི་བཤད་སྲོལ་དེ་དག་པར་སྣང་།
མི་དབང་རྟོགས་བརྗོད་ནང་དུ་སྲད་རིན་ཆེན་རྩེར་དར་རྒྱས་ཞེས་པའི་འཁོར་གཡོག་ཞིག་ཡོད་པ་ནི་དའི་ཆིང་བཱ་དུར་ང་ལུམ་སྦྱར་གསུམ་གྱིས་བཀུམ་པའི་རྗེས་སུ་མི་དབང་ནས་ང་ལུམ་སྦྱར་གསུམ་ལ་བརྒོལ་བའི་སྐབས་“ཁོ་བོའི་བྲན་གཡོག་དར་རྒྱས་ཞེས་བྱ་བ་རྟ་ལས་ལྷུང་སྟེ་སྲོག་འགག་པར་ཐུག་པ་ཙམ་དུ་ཉམ་ཉེས་པ་”ཞེས་པ་དང་“ཁྱོད་ཅག་གི་ར་མདར་རིན་ཆེན་རྩེ་ནས་ལྔ་འཛོམ་དང་། དར་རྒྱས་འཁོར་གཡོག་བཅུ་ཕྲག་གསུམ་གྱི་གྲངས་དང་ལྡན་པའང་འདོང་བར་བསྐུལ་ཞིག་ ལྡིངས་ཆེན་པ་ཕ་དང་། རིགས་ཀྱི་བུ་ལའང་གཏམ་འདི་བསྙད་པར་གྱིས་ཤིག ”[11]ཅེས་པ་འཁོད་པར་གཞིགས་ན་དར་རྒྱས་ཞེས་པའི་འཁོར་གཡོག་ཤིག་ཡོད་པར་སྣང་། དེས་ན་གོང་གི་བཀྲ་ཤིས་མན་ཐང་དང་ལྷུན་གྲུབ་མན་ཐང་ཞེས་པ་ཡང་བཤད་སྟངས་གོང་མ་བཞིན་མི་དབང་གི་འཁོར་གཡོག་གི་རེད་ཅེས་པའི་བཤད་སྟངས་དེ་དང་ཐུན་ཉེན་ཡང་ཆེ།
སྡོམ་ཆུང་།
དེ་ལྟར་དུས་རབས་བཅོ་བརྒྱད་པའི་ནང་དུ་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་སྲད་རིན་ཆེན་རྩེ་རྫོང་དུ་ཕེབས་པ་ནས་ཁུལ་དེར་བསྐྱངས་པའི་མཛད་པ་མཚོན་པའི་གནའ་ཤུལ་རེ་རེ་དང་ས་མིང་རེ་རེ། དམངས་ཁྲོད་ཀྱི་ངག་རྒྱུན་རེ་རེ། དེ་བཞིན་སྐབས་དེའི་འབངས་ཀྱི་ལས་གནས་མཚོན་པའི་གྲོང་མིང་རེ་རེ་སོགས་ནི་ད་ལྟ་ཡང་སྲད་པ་རྣམས་ཀྱིས་ངག་རྒྱུན་དུ་རྟག་ཏུ་གླེང་ཞིང་། སེམས་ཀྱི་སྣང་ངོར་རྒྱལ་པོ་མི་དབང་ཞེས་པའི་ལོ་རྒྱུས་ཐོག་གི་རླབས་ཆེན་མི་སྣ་ཞིག་གི་གཟུགས་བསྙན་དེ་ཤར་བར་བྱེད་ཀྱི་ཡོད།
[1] ལ་དེ་ནི་དེང་པ་སྣམ་རྫོང་ཁོངས་ཀྱི་ཀྲེ་ཤར་ཤང་གི་ཉེ་འདབས་ན་ཡོད་ཅིང་། ཤར་ཕྱོགས་ནི་ཀྲེ་ཤར་ཤང་དང་ནུབ་ཕྱོགས་ནི་རྒྱང་འཁོར་ཡིན །
[2] ལ་དེ་ནི་གུར་མ་དང་སྟད་སྲོད་ཀྱི་བར་ན་ཡོད་ཅིང་། མིང་གི་བྱུང་སྲོལ་ཐད་དམངས་ཁྲོད་ངག་རྒྱུན་དུ། སྔོན་གུ་རུ་རིན་པོ་ཆེ་བོད་ཟླ་བཅུ་པའི་ནང་དུ་ལུང་པ་དེར་སླེབས་ཤིང་། དེའི་བརྒྱུད་ནི་འབྲོག་པ་ཡིན་པ་མ་ཟད། བོད་ཟླ་བཅུ་པ་ནི་བཤས་གཏོང་པའི་དུས་ཚོད་ཅིག་ཡིན་པས་ཁོང་གི་གཟིགས་སྣང་ལ་ས་ཆ་དེ་ནི་ཁྲག་གིས་ཁེངས་པའི་ཡུལ་ཞིག་ཏུ་སྣང་བས། སེམས་ནང་སྐྱོ་སྣང་ཚད་མེད་བྱུང་བས་ལ་དེར་སྐྱོ་དཀའ་ལ་ཞེས་ཐོགས་པར་གནང་།
[3] ལ་དེ་ནི་སྣར་གྱི་རྫ་ལུང་དང་སྲད་ཀྱི་མཁར་ཆེན་ནང་གི་བར་ན་ཡོད། མིང་གི་བྱུང་ཚུལ་ནི་སྔོན་གུ་རུ་རིན་པོ་ཆེ་ལ་དེར་ཕེབས་སྐབས་ཡུད་ཙམ་གཉིད་དུ་ཡུར་བའི་སྐབས་བྱ་གོང་མོའི་སྐད་སྙན་པོ་ཞིག་གིས་གཉིད་ལས་སད། གོང་མོའི་སྐད་དེ་རྒྱ་གླིང་བཞིན་སྙན་པ་ཞེས་ལ་དེར་རྒྱ་གླིང་ལ་ཞེས་བཏགས་པ་ནི་དམངས་ཁྲོད་དུ་དེ་ལྟར་བཤད་སྲོལ་འདུག
[4] གནའ་བོའི་སྐབས་ཀྱི་འཛུགས་སྐྲུན་ཞིག་གི་མིང་སྟེ་མཁར་རྗོང་ཡང་ཟེར།
[5] དེང་བྲང་སྐྱས་གྲོང་ཚོའི་མདོ་ན་ཡོད་པའི་ས་མིང་ཞིག་ཡིན།
[6]དེ་ནི་སྲད་རིན་ཆེན་རྩེ་རྫོང་གི་ལྟག་ན་ཡོད་པ་དང་དེ་ཡང་རི་དེའི་སྣེ་ཟུར་ན་ཡོད་པས་ལྟག་སྣ་ཞེས་ཐོགས་པར་ཡུལ་མི་འགའ་གསུང་ལ། ཡང་གསུང་སྲོལ་གཞན་ཞིག་ནི་རྫོང་ཆགས་སའི་རི་ནི་སྟག་གི་མགོའི་དབྱིབས་ཡིན་པ་དང་གྲོང་ཚོ་དེ་ནི་སྟག་མགོའི་སྣ་ཁུང་གི་གཤམ་འོག་ན་ཡོད་པས་སྟག་སྣ་ཞེས་ཐོགས་པ་ཡང་གསུང་སྲོལ་འདུག །
[7]མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། མི་དབང་རྟོགས་བརྗོད།[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༢༠༡༨ ལོའི་པར་གཞི། ཤ༣༩༡
[8]图奇 著 李春韶 译:到拉萨及其更远方——1948年西藏探险日记[M],中国藏学出版社2017,第207页
[9] འཇིགས་མེད་དབང་པོས་མཛད། འཇམ་དབྱངས་བཞད་པའི་རྣམ་ཐར།[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༡༩༩༡ ལོའི་པར་གཞི། ཤ༣༥༧
[10] མན་ཐང་དེ་ནི་སྔོན་ཀླུ་སྡིངས་ཞེས་པ་དེར་ཡོད་ཅིང་། རུ་ཁག་གི་སྐབས་གཏོར་ནས་ད་ལྟ་ཡུལ་དེའི་བགྲེས་སྲོང་རེ་གཉིས་ཀྱི་དྲན་ཤེས་ཁྲོད་དུ་ལུས་པ་ཙམ་རེད་འདུག །
[11]མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། མི་དབང་རྟོགས་བརྗོད། སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ ༣ ཤོག་ངོས༤༡༥
(ཚེ་རིང་ཆུང་བདག ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན)