རླུང་དང་འགྲོགས་པའི་བུ་མོ།
གཅིག
དུས་བཏབ་པ་མིན་ཡང་། མ་བོས་མགྲོན་པོ་ལྟ་བུའི་རླུང་བུ་དེ་སླར་ཡང་ལྡང་བྱུང་། རླུང་མ་ལྡང་བའི་སྔ་རོལ་དུ། ཡོད་ཚད་ལྷིང་ཞིང་འཇགས་མོད། སྔ་ལྟས་དང་རྟགས་མཚན་ཅི་ཡང་མེད་པའི་རླུང་བུ་དེ་སླར་ཡང་འུར་འུར་དུ་ལྡང་བྱུང་། རླུང་གིས་བསྐྱིལ་འོང་བ་ནི་ཐལ་རྡུལ་དང་། སེར་པོར་གྱུར་པའི་ལོ་འདབ། ད་དུང་བཀོལ་སྤྱོད་ཀྱི་རིན་ཐང་ཟད་པའི་འགྱིག་ཤོག་གི་གད་སྙིགས་ཁོ་ན་མིན་པ་འདྲ་སྟེ། ད་དུང་དབྱངས་གསལ་ལྷ་མོའང་འདུག རླུང་གིས་ཁུར་འོང་བའམ། རླུང་དང་འགྲོགས་པའི་བུ་མོ་དེ། རླུང་དང་འདྲ་བར་ངའི་མིག་ལམ་དུ་ཐོལ་གྱིས་འཆར་དུས། ཡང་ཞིང་རྒྱུ་བའི་རླུང་ལྟ་བུའི་བུ་མོ་དེས་ངའི་ལུས་སེམས་ཀྱི་ཁྱོན་ལ་ཚ་དྲོད་གཞན་ཞིག་བསྩལ་བྱུང་།
རླུང་ལྟ་བུའི་སྡོད་ཁོམ་མེད་པའི་བུ་མོ་དེས་ཁ་སང་ཞོགས་པར་ང་ལ་ཁ་པར་བཏང་ནས་མོ་རང་རྒྱལ་ས་པེ་ཅིན་དུ་ཡོད་ཟེར། མོས་ཁ་པར་གྱི་སྐུད་སྣེ་བརྒྱུད་ང་ལ་མང་པོ་མང་པོ་ཞིག་གླེང་ཞིང་། མོའི་སྐད་ཆའི་ནང་དོན་མདོར་དྲིལ་ན་ཚིག་གཅིག་ལས་མེད་དེ། དེ་ནི་བུ་མོ་ཉམ་ཆུང་ཞིག་པེ་ཅིང་གྲོང་ཁྱེར་དུ་འཚོ་བ་སྐྱེལ་བར་དཀའ་ཁག་ཧ་ཅང་ཆེ་བ་དེ་རེད། མདང་ནུབ་མོས་སླར་ཡང་ང་ལ་ཁ་པར་བཏང་ནས། མོ་རང་ད་སོ་མར་སྤོས་ལྡན་གྲོང་དུ་འབྱོར་ཡོད་ཟེར། ད་ལྟ་རླུང་ལྟ་བུའི་བུ་མོ་དེ་སླར་ཡང་གྲག་འགུལ་ཅི་ཡང་མེད་པར་ཉི་མ་ལྷ་སར་འབྱོར་བ་མ་ཟད། གློ་བུར་དུ་ངའི་མིག་ལམ་དུ་མངོན་པ་དེས་ཨེན་ཙམ་མིན་ན་ངས་རང་གི་མིག་ཟུང་ལའང་ཡིད་ཆེས་དཀའ་བར་གྱུར། ངས་རང་གི་མིག་ཟུང་ལ་ཕུར་ཕུར་ལན་འགའ་བཏང་ནས། ཨ་མ་མ། སྡོད་གླགས་མེད་པར་རླུང་བཞིན་གང་སར་འཕྱོ་ཞིང་ལྡང་བ་འདི་འདྲ་ཞེས་ཟུར་ཟའི་ཚུལ་དུ་བཤད་པས། མོས་ཅི་མི་སྙམ་པའི་ངང་ནས། ངལ་གསོའི་གནས་མལ་བོར་བའི་བུ་མོ་ཞིག་ལ་མཚོན་ན། གང་སར་འདུར་རྒྱུག་མི་བྱེད་རང་བྱེད་རེད། འདི་ནི་འཚོ་བས་ང་ལ་སྦྱིན་པའི་མི་ཚེའི་བགོ་སྐལ་རེད། ཐབས་ཤེས་མེད་ཅེས་བཤད།
གཉིས།
ལོ་འདི་དག་གི་རིང་ལ། ངས་འཚོ་བའི་དོན་དུ་གཞན་ལག་ནས་གླས་པའི་རྡོ་ཁང་གྲུ་བཞི་དེ་བཙན་གྱིས་སྲུང་བ་དང་། མཚན་མོའི་དུས་སུ་གློག་འོད་ཆེམ་ཆེམ་འཕྲོ་བའི་ཆང་ཁང་གྲུ་བཞི་འདི་རུ་སྐུ་མགྲོན་མང་པོའི་ངོ་སོ་སྲུང་བཞིན་དཀའ་ལས་ཁྲག་དྲི་བྲོ་བྲོ་བརྒྱབ་ཀྱང་། གྲོང་ཁྱེར་འདི་རུ་ང་ལ་དབང་བའི་ས་ཆ་སྦར་མཐིལ་ཙམ་ཡང་མེད། རྐྱེན་དེའི་དབང་གིས་ལོ་མང་པོར་ཁང་མིག་གཅིག་དང་སྔས་མགོ་གཅིག་བྱས་ཏེ་མཉམ་དུ་གཤིབས་ནས་འོང་བའི་ཆུང་མས་ཀྱང་། ང་རང་ལྷམ་གོག་བཞིན་ས་ལ་བརྡབས་ཏེ་གཞན་གྱི་ཆུང་མར་བུད་སོང་། འདས་དོན་དེ་དག་ངའི་ཡིད་མཚོར་ཆུ་རིས་བཞིན་འཁྲིགས་ཐེངས་རེར། རང་གིས་རང་ལ་ཚིག་པ་ཟོས་ཤིང་ཁ་རྡུང་ཡང་ཡང་ཤོར་ཡོང་། དེ་དག་ཚང་མ་ང་རང་གིས་ལན་པ་འདྲ་སྟེ། ཆུང་དུས་ཕ་མ་དྲིན་ཆེན་གཉིས་པོས་ང་རང་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟ་བུར་བརྩིས་ནས་སློབ་གྲྭར་བཏང་ཡང་། དཔྲལ་བར་ཐལ་རྡུལ་གྱིས་བཀབ་པ་ལྟ་བུའི་བསོད་བདེ་སྐམ་པའི་མི་རུལ་ངས་ཕ་མའི་བཀའ་སློབ་རྣ་རྒྱབ་ཀྱི་ལྷགས་པར་བསྐུར་ནས་སློབ་བྱོལ་ཡང་ཡང་བྱས་པར་མ་ཟད། སྤྱི་ཚོགས་ཐོག་གི་ཁྲམ་པ་འགའ་དང་འགྲོགས་ནས་ལས་ངན་ཇི་སྙེད་ཅིག་བརྩམས། མཐར་སློབ་གྲྭས་ངའི་བྱས་ཉེས་ལ་གཞིགས་ནས་ང་སློབ་གྲྭ་ནས་ཕྱིར་ཕུད་བཏང་། ཕ་མ་ཟུང་གིས་ངའི་གནས་ཚུལ་ཐོས་རྗེས། ཨ་མ་ལགས་ནི་སྙིང་རླུང་སྟོད་ལ་འཚངས་ནས་མལ་སར་ཡུན་རིང་ལུས་པ་དང་། མཐར་ཧ་ཅང་ཐུགས་ཕམ་པོས་འཇིག་རྟེན་འདི་དང་ཞལ་གྱེས། མ་དྲིན་ཆེན་འདས་ཁར་ཁོང་གི་མིག་ཟུང་གི་ཁྱོན་ལ་མཆི་མ་འཁྲིགས་ཤིང་། བཞིན་མདངས་སྐྱ་བོ་དེ་ང་ལ་ཕྱོགས་ནས་དབུགས་རིང་ནར་ནར་དུ་གཏོང་ཞོར་མགོ་བོ་གཡུག་གཡུག་བྱེད་པའི་སྣང་བརྙན་དེ། ངས་ད་ལྟའང་གསལ་པོར་དྲན་གྱིན་འདུག
གསུམ།
མཚན་མོ་དེར། དབྱངས་གསལ་ལྷ་མོ་ཆང་གིས་ཅུང་བད་འདུག མོས་ངའི་ལག་མགོ་ནས་འཇུས་ཏེ། བྱིས་དུས་སུ་ང་ཚོ་ཕ་མའི་གཉོར་སྐྱོང་འོག་ཅི་འདྲའི་སྐྱིད་ཨང་། སྐབས་དེ་དུས་ང་ཚོས་ནོར་བུའི་ནོར་ཉམས་ཆོད་མི་འདུག་ཟེར། ངས་ཀྱང་མགོ་བོ་ལྕོག་ལྕོག་གིས་མོའི་སྐད་ཆར་བདེན་ཁ་བྱིན། ད་ཆ་ཕ་ཡུལ་དུ་ལོག་ཀྱང་། ཕ་མའི་ཞལ་རས་མཇལ་རྒྱུ་མེད་སྟབས། ཆོ་ཅི་ཡང་མི་འདུག་ཟེར། ངས་ཀྱང་མོའི་སྐད་ཆའི་འཕྲོ་མཐུད་ནས། རེད་ཨང་། ང་ཚོའི་བྱིས་དུས་ནི་ཅི་འདྲའི་སྐྱིད་ཨང་ཞེས་བཤད། འདུ་འཛིའི་གཡའ་དང་བྲལ་བའི་རི་གྲོང་གི་པང་ཁར། ང་ཚོས་ནོར་ལུག་འཚོ་ཞོར་སྤང་ཐང་ཐོག་གན་རྐྱལ་དུ་ཉལ་ཏེ་མགོ་ཐོག་གི་ནམ་མཁའ་སྔོན་པོ་དང་། སེང་གེ་དང་། རྟ། འབྲུག་སོགས་ཀྱི་དབྱིབས་དང་མཚུངས་པའི་སྤྲིན་དཀར་གྱི་ཚོམ་བུར་བལྟས་ཏེ་བསམ་ཚོད་དང་འཆར་ཡན་མང་དག་ཅིག་བྱས་མྱོང་ཨང་། ལྟོགས་ན་ཕ་མས་བསྐུར་བའི་རྫི་སྒྱེ་བསྔོགས་ནས་ཞོག་ཁོག་དང་། བག་ལེབ་སོགས་ཟ་ཆོག་ཅིང་། སྐོམ་ན་ཤང་ཤང་དུ་རྒྱུག་པའི་ཆུ་ཕྲན་ནས་བདུད་རྩི་ལྟ་བུའི་ཆུ་སྙིམ་པ་རེ་རེ་བཞིན་གཅུས་ཏེ་ཡིད་ཚིམ་པ་ཞིག་བཏུང་ཆོག་པ་མིན་ནམ། འོན་ཀྱང་། ད་ཆ་གྲོང་ཁྱེར་འདིར་ང་ཚོས་དཔུང་པ་ས་འོག་ཏུ་བཅུག་ནས་དཀའ་ལས་རྔུལ་ཆུ་འཛར་འཛར་བརྒྱབ་ཀྱང་། སྔར་བཞིན་འཚོ་བའི་ཆེད་དུ་དབུགས་རིང་ནར་ནར་དུ་གཏོང་རྒྱུ་ལས་ལྷོད་ཤིག་གེར་སྡོད་ཁོམ་ཞིག་ག་ལ་ཡོད། དབྱངས་གསལ་ལྷ་མོས། ང་སློབ་གྲྭར་འགྲོ་སྐབས་གལ་ཏེ་ཕ་མས་བསྐུར་བའི་འཚོ་བའི་འགྲོ་གྲོན་རྫོགས་ན། རྩམ་པ་ལས་བཟའ་རྒྱུ་མེད་སྟབས། སྐབས་རེར་ཁྱིམ་ནས་སྐུར་བའི་རྩམ་ཁུག་སྔོག་དུས། ཨ་མས་རྩམ་ཁུག་གི་གསེང་དུ་སྒོར་མོ་མི་ཉུང་བ་ཞིག་བཅུག་ཡོད་ངེས། ཨཱ་ཨཱ། དེ་དག་དྲན་ན། ངས་ཨ་མ་ལགས་ཀྱི་བཀའ་དྲིན་ཇེ་དྲན་ནས་ཇེ་དྲན་རེད། དོན་དམ་དུ་གནམ་འོག་འདིར་རང་གི་མ་ལས་ལྷག་པ་ཞིག་མི་འདུག་ཅེས་ཟེར། མོའི་སྐད་ཆར་རྣ་བ་བླགས་རྗེས། ངས་ཀྱང་ཨ་མ་ལགས་ཀྱིས་དབྱར་ཁར་ཞོག་ཁོག་འདོན་མ་རན་གོང་ནས་བཏོན་ཏེ། ཕ་ཡུལ་གཅིག་པའི་སློབ་གྲོགས་སུ་ལའང་ཁྱིམ་ནས་བསྐུར་བའི་ལག་རྟགས་མ་འབྱོར་གོང་དུ་ང་ལ་སྔོན་ཚུད་ནས་ལག་རྟགས་འབྱོར་བའི་གནས་ཚུལ་རྣམས་ངང་གིས་དྲན་པ་དང་། གློ་བུར་དུ་ཨ་མ་ལགས་ཀྱི་བྱམས་བརྩེའི་ཞལ་རས་མིག་ལ་འཁོར་ནས་རེ་ཞིག་མགྲིན་པ་བརྣངས་ཤིང་། མིག་མདུན་གྱི་བྱ་དངོས་ཡོད་དོ་ཅོག་མག་མོག་རབ་རིབ་ཏུ་གྱུར།
བཞི།
ལོ་དེར། དབྱངས་གསལ་ལྷ་མོས་ཁྱོ་གའི་ལྐོག་ཏུ་སྐྱེས་པ་གཞན་དང་གབ་མཐུན་བྱས་པ་ནས་བཟུང་། ཁྱོ་གས་ལོ་མང་གི་ཁྱོ་ཤུག་གི་བརྩེ་དུང་ལ་མ་བལྟས་པར་མོ་རང་སྤྲང་ཁྱི་བཞིན་ཕྱིར་བསྐྲད། མཐར་འགྲོ་ས་སྡོད་ས་མེད་དུས། མོ་ནི་རླུང་བཞིན་གང་སར་ལྡང་བའི་བུ་མོ་ཞིག་ཏུ་གྱུར། ངས་མོ་ལ། བརྩེ་དུང་ལ་བློ་ཕུགས་མི་བརྟན་པའི་འཕྱན་མོ་ཞིག་ཏུ་ཇི་ལྟར་གྱུར་ཚུལ་དྲིས་དུས། མོས་ངའི་གདོང་ལ་སྡིག་མཛུབ་བསྟན་ནས། ཁྱོད་ཀྱིས་སྐད་ཆ་འདི་འདྲ་ཤོད་མི་ཉན། མི་སུ་ཞིག་ཡིན་རུང་རང་གི་མི་ཚེར་གདམ་ག་བྱེད་དབང་ཡོད་ཅེས་བརྗོད། འོན་ཀྱང་། སྐད་ཆ་འདི་བཤད་དུས་མོའི་ངོ་གདོང་གི་ནམ་མཁར་སྤྲིན་ནག་འཁྲིགས་མེད་ཀྱང་། སྐྱོ་གདུང་གི་གཉེར་མའི་བང་རིམ་ཞིག་ངང་གིས་འཁོར་ཞིང་། རེ་ཞིག་མགོ་བོ་པུས་མོའི་བར་དུ་དུད་ནས་ཁ་རོག་གེར་བསྡད། ཡུད་ཙམ་སོང་རྗེས། མོས་ད་གཟོད་སྐར་ཚོམ་གྱི་འདུག་རོགས་མེད་པའི་ཁེར་རྐྱང་གི་ཟླ་བའི་ཕྱོགས་སུ་མིག་ཟུང་ཅེ་རེར་ལྟ་བཞིན་དུ། ཁྱོད་ཀྱིས་ཤེས་སམ། དོན་དམ་དུ་ཁོའང་མི་ཚུལ་ལྡན་ཞིག་མ་རེད། ཐེངས་ཤིག་ངས་ཀུ་རེ་དང་སྦྲགས་ནས་ཁོ་ལ། ང་ཚོའི་འཛིན་གྲྭར་བུ་མོ་མང་པོ་ཡོད་ཀྱང་། ཁྱོད་ཀྱིས་མཐའ་མ་མང་པོའི་དཀྱིལ་ནས་ང་གདམ་ག་བྱེད་དོན་གང་ཡིན་ཞེས་དྲིས་པར། ཁོས་ཧེ་ཧེ་ཞེས་ཁྲེལ་དགོད་དང་བཅས། རྒྱུ་མཚན་ནི་སློབ་ཆེན་ནས་ཐོན་ཁར་ངས་འཛིན་གྲྭའི་བུ་མོ་མང་པོར་མཛའ་འཕྲིན་བསྐུར་ཡང་། ཁྱོད་མ་གཏོགས་ང་ལ་ཡིག་ལན་སྐུར་མཁན་མེད་པས། ངས་ད་གཟོད་ཁྱོད་རང་གདམ་ག་མི་བྱེད་ཀ་མེད་བྱུང་ཞེས་བཤད་བྱུང་། ཁྱོད་ཀྱིས་ཤོད་དང་། ཁོ་ཕྱི་ཚུལ་ནས་བལྟས་ན་འདྲ་ཆགས་པོ་དང་བབ་ཆགས་པོ་ཡོད་ཀྱང་། དོན་དམ་དུ་ཁོ་ཡང་ཕྱི་རྫིག་ནང་སྟོང་གི་བོང་བུའི་སྦངས་ཕྱི་རང་རེད་ཅེས་བཤད།
མཚན་མོ་དེར། ཁྱོ་གས་གད་སྙིགས་བཞིན་དོར་བའི་དབྱངས་གསལ་ལྷ་མོ་དང་། ཆུང་མས་རྒྱུ་འབྲས་ལ་མ་བལྟས་པར་ལྷམ་གོག་བཞིན་རྒྱང་དུ་བསྐྲད་པའི་རི་དྭགས་རྨས་མ་ལྟ་བུའི་ངེད་གཉིས་པོས་གློག་འོད་ཆེམ་ཆེམ་འཕྲོ་བའི་ཆང་ཁང་དེར་ཆང་རྔམ་འཐུང་བྱེད་ཞོར་ནམ་ཕྱེད་ཕར་ལ་བསྐྱལ་ཞིང་ཐོ་རེངས་ཚུར་ལ་བསུས། མ་གཞི་བྱས་ན་ངས་བྱིས་དུས་ཇི་བཞིན་མོའི་སྐྲ་ལོར་བྱིལ་བྱིལ་བྱེད་ཞོར་མོ་ལ་སེམས་གསོ་ཕྲན་བུ་གཏོང་འདོད་ཀྱང་། བསམ་བློ་ཏན་ཏིག་ཅིག་བཏང་ན། ད་ལྟའི་ང་རང་ཡང་འཚོ་བས་ཐང་ལ་བརྡབས་པའི་བྱིའུ་རྨས་མ་ཞིག་དང་འདྲ་བས། སངས་རྒྱས་རང་མགོ་མ་ཐོན་པར་གཤིན་པོའི་ཡར་འདྲེན་བྱ་རྒྱུ་ཕ་རིའི་སྤང་རྒྱན་ཡིན་སྟབས། ངས་མོ་ལ་སེམས་གསོ་ཇི་ལྟར་གཏོང་ཨང་། ངས་དེ་འཕྲལ་མོ་ལ་ཆང་ཕོར་གཏད་དེ་མོ་དང་ལྷན་དུ་ཆང་འཐུང་ཞོར། ད་ནས་བཟུང་རླུང་བཞིན་གང་སར་མི་འཁྱམ་པར། རང་བློར་བབས་པའི་སྐྱེས་པ་ཞིག་དང་བབ་ཆགས་ཀྱི་མི་ཚེ་གསར་པ་ཞིག་རོལ་ཅེས་བཤད་པར། མོས་མགོ་བོ་འཕྲེད་དུ་གཡུག་བཞིན། ཁྱོད་ཀྱིས་བཤད་པ་ལྟར་གལ་ཏེ་ང་རང་རླུང་ཞིག་ཡིན་ན་ཅི་མ་རུང་། གང་ལའང་ཞེན་ཆགས་བྱེད་མི་དགོས་ལ། སེམས་གཅོང་མང་པོ་ཁུར་དགོས་མེད་ཅེས་བཤད། ངས་དེ་འཕྲལ་ཀུ་རེ་དང་སྦྲགས། ངའི་སྣང་ངོར་ཁྱོད་ནི་སྡོད་ཚུགས་མེད་པའི་རླུང་ལྟ་བུ་ཞིག་རེད། ཁྱོད་ཀྱིས་ཤེས་སམ། ངས་ཁ་པར་གྱི་འབྲེལ་གཏུག་ཟིན་ཐོར་ཁྱོད་ཀྱི་མིང་ལ་དྲི་བཞོན་གྱི་བུ་མོ་ཞེས་བྲིས་ཡོད་ཅེས་བཤད་པར། དྲི་བཞོན་གྱི་བུ་མོ། ཧ་ཧ། ཁྱོད་དངོས་གནས་དྲན་རྒྱུ་རྒོད་པ་ལ་ཨང་། ང་འབོད་སྟངས་འདིར་ཧ་ཅང་འཐད། ད་ནས་བཟུང་ཁྱོད་ཀྱིས་ང་ལ་དྲི་བཞོན་གྱི་བུ་མོ་ཞེས་བོས་ཨང་ཞེས་བཤད་དེ་ལྷུག་ལྷུག་ཏུ་བགད་བྱུང་། མོའི་དགོད་སྒྲས་གཉིད་དུ་ཡུར་བའི་ཆང་ཁང་དེར་གསོན་ཤུགས་གསར་པ་ཞིག་བསྣན་ཞིང་། ཡུན་རིང་མཐོང་འདོད་ཀྱང་མཐོང་མ་ཐུབ་པའི་མོའི་འཛུམ་མདངས་ནི་དྲོད་རླུང་ཞིག་དང་འདྲ་བར་ངའི་ལུས་སེམས་ཧྲིལ་པོ་ཚ་ལམ་ལམ་དུ་གྱུར།
(གཟའ་འཁོར་རྗེས་མར་མུ་མཐུད་འགོད་རྒྱུ)