དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྒོ་ཐེམ་ནང་དུ་ལུས་པའི་ཨ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ཕུན་ཚོགས་དཔལ་འབྱོར།   |     སྤེལ་དུས།  2024-10-20

    ཨ་མ་ལགས། ཁྱེད་རང་ཐག་རིང་དུ་འགྲོ་མྱོང་མེད། འོན་ཏེ། བདག་ཐག་རིང་དུ་འགྲོ་བའི་སྤོབས་པ་ཁྱེད་ཀྱིས་གནང་། ཨ་མ་ལགས། ཁྱེད་རང་ཡིག་རྨོངས་ཤིག་ཡིན། འོན་ཏེ། ངའི་ཡིག་རྨོངས་སེལ་མཁན་དེ་ཁྱེད་རང་རེད། ཨ་མ་ལགས། ཁྱེད་རང་གི་སྨྲ་ལྕེ་བདེ་པོ་མེད། འོན་ཏེ། བདག་གི་སྨྲ་ལྕེ་རིང་མོ་འདི་ཁྱེད་ཀྱིས་བསྩལ། ཨ་མ་ལགས། ཁྱེད་ཀྱིས་རང་གི་ཕུགས་བསམ་གླེང་མྱོང་མེད། འོན་ཏེ། བདག་ལ་ཕུགས་བསམ་དགོས་པ་ཁྱེད་ཀྱིས་གསུངས།

    ཨ་མ་ལགས། ངས་ཁྱེད་ཀྱི་བཀའ་བཞིན་རྒྱང་རིང་དུ་སོང་། རིག་གནས་ལ་སྦྱངས། ཚོགས་དབུས་སུ་ཅུང་ཟད་སྨྲས། ཕུགས་བསམ་ཟེར་བར་འབད་འབུངས་བྱས། དེ་ལྟར་ཀྱང་། ང་ལ་ཁྱེད་ཀྱི་ཤེས་རབ་དེ་འདྲ་རྙེད་མ་བྱུང་། ཨ་མ་ལགས། ཁྱེད་རང་ད་བར་ཁྱིམ་གྱི་སྒོ་ཐེམ་དེས་བཟུང་ནས་ལུས། མ་རེད། ཁྱེད་རང་སྒོ་ཐེམ་དང་རྒྱང་དུ་བྲལ་མི་འདོད་པ་ཙམ་རེད། དེ་ཡང་། ཁྱེད་རང་སྒོ་ཐེམ་ལས་བརྒལ་ཏེ་རྒྱང་རིང་དུ་སོང་ན། བདག་སྒོ་ཐེམ་ནང་དུ་ལུས་ངེས་པས་ཡིན་ནམ།

    ཨ་མ་ལགས། རྒྱང་རིང་ན་གླེགས་བམ་གྱི་རྒྱ་མཚོ་ཞིག་འཁྱིལ་འདུག ཞིབ་ཏུ་བསམས་ན། དེ་ནི་ཁྱེད་ཀྱི་ཐུགས་སེམས་གཟུགས་སུ་འཕོས་པ་ཞིག་རེད། ཨ་མ་ལགས། རྒྱང་རིང་རྒྱང་རིང་ཞིག་ན་སྒྲོལ་མ་ཞེས་པ་ཞིག་ཡོད་པར་བཤད། ཞིབ་ཏུ་བསམས་ན། སྒྲོལ་མ་དེ་རང་ཁྱིམ་གྱི་སྒོ་ཐེམ་ནང་ལུས་པའི་ཁྱེད་རང་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།