བསྟོད་དབྱངས་ངག་གི་རོལ་མོ།
མཛའ་གཅུགས་ལག་ཟུང་ཕན་ཚུན་དམ་དུ་འཁྱུད། །
སྙན་པའི་སེམས་གཏམ་ཕན་ཚུན་ལྷུག་པོར་བརྗོད། །
ཡིད་ཆེས་གཙང་མས་མཐུན་སྒྲིལ་རྩ་བ་བརྟན། །
མི་རིགས་གཅིག་ལྟར་མཐུན་སྒྲིལ་མཛའ་བརྩེ་ཟབ། །
རིགས་པའི་གཞུང་ལུགས་སྣ་མང་ཀུན་ཏུ་འཁྱིལ། །
འཕེལ་འགྱུར་རླབས་སྒྲ་དབྱར་གྱི་གཙང་པོ་བཞིན། །
དུས་རབས་གཞོན་ནུའི་མིག་ལ་མཛེས་པ་འདི། །
ཨེ་མ་མཚར་སྡུག་གང་གིས་འགྲན་ནུས་མིན། །ཚ
ཐབས་ཤེས་རིག་པའི་འཕྲུལ་གྱི་རྣམ་དཔྱོད་ཀྱིས། །
སྲིད་འབྱོར་ཟུང་གི་དགེ་མཚན་མཐོན་པོར་བསྒྲེངས། །
དགེ་ལེགས་འབྲས་བུའི་འོད་སྣང་གང་སར་ཁྱབ། །
ལམ་བཟང་འདི་ཀོ་དགའ་བའི་གསོས་སུ་སྨིན། །
ན་ཆུང་རྣམས་ལ་ཤེས་བྱའི་སྒོ་འཕར་ཕྱེ། །
གཞོན་སྐྱེས་རྣམས་ལ་དུས་ཀྱི་ལེགས་ཚོགས་བསྐྲུན། །
རྒན་རྒོན་རྣམས་ལ་རྒན་གསོའི་ཕན་བདེ་བསྩལ། །
ཡོད་ཚད་བདེ་སྐྱིད་དཔལ་ལ་རོལ་འདི་རྨད། །
སྐྱེ་རྒུ་ཡོངས་ལ་རྫོགས་ལྡན་དུས་བཟང་བཞིན། །
མཐུན་རྐྱེན་སྣ་མང་ཅི་དགར་སྤུངས་པ་སྟེ། །
ཚན་རྩལ་རིག་པའི་སྟོབས་ལས་བྱུང་བའི་ཚོགས། །
ཀྲུང་གོ་གསར་པའི་འཕོ་འགྱུར་ཨེ་མ་རྨད། །
ངོ་མཚར་བྱེ་བས་ཀུན་ནས་བརྗིད་པ་འདི། །
རླབས་ཆེན་ཤར་ཕྱོགས་མ་ཧ་ཙི་ན་ཞེས། །
ཡོངས་སུ་གྲགས་པའི་བ་དན་སྲིད་རྩེར་བསྒྲེངས། །
གང་དེའི་སྟོབས་འབྱོར་མངའ་ཐང་འདི་ཀོ་ལགས། །