དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཕ་ཡུལ་བྱང་ཐང་ལ་བསྟོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  རིན་ཆེན་དར་དགའ།   |     སྤེལ་དུས།  2024-10-20

    འཛམ་གླིང་འཛིན་མའི་གཙུག་གི་ཏོག །

    མཐོ་སྒང་འབྲོག་ར་ནོར་གྱི་གཞོང་། །

    ཡིད་འོང་བྱང་ཐང་འདོད་འབྱུང་ནོར། །

    ང་ཡི་གཅེས་པའི་ཕ་ཡུལ་ལགས། །


    ཤན་རྩའི་ཉ་དེའུ་གནའ་ཤུལ་སོགས། །

    ལོ་རྒྱུས་རིག་གནས་རྔམས་ཁ་མཐུག །

    ནག་ཤོད་སུམ་པའི་ལྟེ་བ་བརྗིད། །

    ཧོར་ཚོ་སོ་དགུའི་སྙན་གྲགས་ཆེ། །


    སྲིད་བཟང་ལྷ་ལམ་ཡངས་མོའི་ངོར། །

    བྱང་ཐང་འཕོ་འགྱུར་གློག་གི་གར། །

    སློབ་གསོའི་སྦྲང་ཆར་ཟིལ་མ་ལས། །

    བྱང་ཐང་ཤེས་རིག་སྐྱེད་ཚལ་མཛེས། །


    ཉམས་དགའི་མུ་མེད་རྩྭ་ཐང་དུ། །

    ཕྱུགས་རིགས་དཀར་ནག་སྐར་ཚོམ་གྲམ། །

    ཤ་མར་འཛོམས་སའི་བྱང་ཐང་ཡུལ། །

    འབྱོར་ཕྱུག་ཞི་མཐུན་འཕེལ་རྒྱས་ཡག །


    གྲོང་གསེབ་དར་རྒྱས་སྐྱ་རེངས་ལས། །

    ནག་ཆུར་འཕེལ་རྒྱས་ཉིན་བྱེད་ཤར། །

    བྱང་ཐང་མི་དམངས་དགའ་སྤྲོའི་ངང་། །

    རྫོགས་ལྡན་འཚོ་བའི་དཔལ་ལ་རོལ། །


    ཨེ་མ་ཕ་ཡུལ་བྱང་ཐང་ལགས། །

    དྭངས་གཙང་དྲི་མེད་རང་བྱུང་ཚལ། །

    ཨེ་མ་ཕ་ཡུལ་བྱང་ཐང་ལགས། །

    བུ་ངའི་ཁྱིམ་གཞིས་དྲོན་མོ་ལགས། །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།