དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • ཚགས་པར་དཔྱད་གཏམ་གྱི་མ་འོངས་འཕེལ་ཕྱོགས་སྐོར་གྱི་དཔྱད་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསོད་ནམས་ཆོས་ལྡན།   |     སྤེལ་དུས།  2024-10-18

    དང་པོ། དཔྱད་གཏམ་གྱི་བརྡ་དོན།

    དཔྱད་གཏམ་ཟེར་བར་སྒྲ་ཡངས་འཇུག་དང་དོག་འཇུག་གི་དབང་གིས་བརྡ་དོན་གཉིས་མཆིས་ཏེ། གཅིག་ནི་སྒྲ་ཡངས་འཇུག་གི་བརྡ་དོན་ཐོག་ནས། རྒྱ་ཡིག་གི“评论”ཞེས་པ་དེ་བོད་སྐད་དུ་བསྒྱུར་བ་ཞིག་ཡིན་པ་དང་། དེ་ཡང“评”ཞེས་པ་དེ་ནི་སྨྱུག་ཐོགས་པས་དཔྱད་པ་སྤེལ་བར་ཟེར་ཞིང་། “论”ཞེས་པ་ནི་སྨྱུག་ཐོགས་པས་ཡུལ་གང་རུང་ཞིག་གི་གནད་དོན་ལ་དབྱེ་ཞིབ་བྱས་ཐོག་དེ་ལ་རང་གི་བསམ་ཚུལ་ལྷུག་པོར་བརྗོད་པ་ལ། ཡུལ་གང་རུང་གི་གནད་དོན་ལ་དཔྱད་ནས་དོན་དངོས་དང་མཐུན་པའི་གཏམ་སྤེལ་བ་ལ་དཔྱད་གཏམ་ཟེར། ད་དུང་བོད་ཡིག་ཚིག་མཛོད་ཆེན་མོ་དང་བོད་རྒྱ་ཚིག་མཛོད་ཆེན་མོར་དོན་དང་དངོས་པོར་དཔྱད་པའི་གཏམ་ཞེས་འཁོད་ཡོད། གཉིས་ནི་སྒྲ་དོག་འཇུག་གི་བརྡ་དོན་ཐོག་ནས་བཤད་ན། བོད་རྒྱ་ཚིག་མཛོད་ཆེན་མོར་གཏམ་ཞེས་པ་དེ་མིང་གྲགས་ཀྱི་དོན་ཏེ། རོ་ས་འོག་ཏུ་ཡོད་ཀྱང་། གཏམ་ས་སྟེང་དུ་ལུས་ཞེས་པ་བཞིན། གསར་འགྱུར་སྨྱན་སྦྱོར་སྟེགས་བུའི་ཁྲོད་དུ་མིང་གྲགས་ཡོད་པའི་སྨྱན་སྦྱོར་མི་སྣ་དང་ལངས་ཕྱོགས་མཐོ་བའི་བསླབ་རྒན་དཔྱད་པ་པོ་རྣམས་ཀྱིས་དོན་དངོས་དང་མཐུན་པ་དང་བདེན་པ་བདེན་ཐུབ་ཀྱིས་དཔྱད་པ་སྤེལ་བར་ཟེར། དོན་དངོས་ཐོག་དཔྱད་གཏམ་ནི་དུས་དེབ་དང་། ཚགས་པར། རླུང་འཕྲིན། བརྙན་འཕྲིན་སོགས་གསར་འགྱུར་སྨྱན་སྦྱོར་གྱིས་ལྟ་ཚུལ་བརྗོད་པ་དང་། དཔྱད་གཏམ་སྤེལ་བ། ལངས་ཕྱོགས་སྟོན་པའི་དཔྱད་གཏམ་རང་བཞིན་གྱི་རྩོམ་ཡིག་ཅིག་ཡིན། དེའི་ཁ་གཏད་ས་ནི་ཉེ་ལམ་ཐོན་ཞིང་ཡོངས་ཁྱབ་ཀྱི་དོན་སྙིང་ལྡན་པའི་གསར་འགྱུར་དོན་རྐྱེན་དང་། ཁ་ཚ་དགོས་གཏུག་གིས་ཐག་གཅོད་བྱེད་དགོས་པའི་སྤྱི་ཚོགས་ཀྱི་གནད་དོན་ནམ། ཡང་ན་མང་ཚོགས་ཀྱིས་རྒྱ་ཁྱབ་ཏུ་དོ་སྣང་བྱེད་པའི་སྤྱི་ཚོགས་ཀྱི་བརྗོད་གཞི་སོགས་ཡིན།

    གཉིས་པ། ཚགས་པར་དཔྱད་གཏམ་གྱི་མ་འོངས་འཕེལ་ཕྱོགས།

    ཆ་འཕྲིན་ཅན་གྱི་དུས་རབས་འདིར། གསར་དར་སྨྱན་སྦྱོར་ཆར་རྗེས་ཀྱི་སྤང་ལ་ཤ་མོ་བརྡོལ་བ་ཇི་བཞིན་ཐོན་དང་འཐོན་བཞིན་ཡོད་པས། དེས་སྲོལ་རྒྱུན་སྨྱན་སྦྱོར་ལ་གོ་སྐབས་དང་འགྲན་སློང་ངེས་ཅན་ཞིག་འཕྲད་བཞིན་ཡོད། དེ་ལྟ་བུའི་དུས་རབས་ཀྱི་རྒྱབ་ལྗོངས་འོག སྲོལ་རྒྱུན་སྨྱོན་སྦྱོར་ཡིན་པའི་ཚགས་པར་དཔྱད་གཏམ་གྱི་མ་འོངས་འཕེལ་ཕྱོགས་ལའང་འགྲན་སློང་གསར་པ་འཕྲད་ཡོད་ལ། འགོག་རྐྱེན་ཡང་གང་ལ་གང་ཙམ་འཕྲད་བཞིན་ཡོད།

    གཅིག་ནི་ད་ཡོད་ཀྱི་ཚགས་པར་དཔྱད་གཏམ་གྱིས་གླེང་ཕྱོགས་ཁྲིད་སྟོན་གྱི་ནུས་པ་གང་ལེགས་འདོན་ཐུབ་ཀྱང་། གླེང་ཕྱོགས་ཀྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་གྱི་འབྲེལ་བ་ཐག་གཅོད་བྱེད་སྐབས། དཔྱད་གཏམ་པ་འགའ་རེས་དུས་ཐོག་ཏུ་དཔྱད་གཏམ་སྤེལ་མ་ཐུབ་པའམ། དཔྱད་གཏམ་གྱི་ནང་དོན་མང་ཚོགས་དང་བར་ཐག་ངེས་ཅན་ཡོད་པ།

    གཉིས་ནི་མི་སྒེར་གྱི་ཚོར་འདུ་ཕྱིར་ཕྱུངས་པ་དང་དཔྱོད་ཤེས་ཀྱི་བསམ་བློའི་བར་གྱི་འགལ་འདུ། སྔར་གྱི་ཚགས་པར་དཔྱད་གཏམ་ནང་ཀུན་སྤྱོད་ཀྱི་འདྲི་གཅོད་དང་སྨྱན་སྦྱོར་གྱི་འདྲི་གཅོད་ཀྱི་ཚད་གཞིར་དོ་སྣང་ཆེན་པོ་བྱས་པའི་དབང་གིས་དོགས་གཞི་དང་རྩོད་གཞི་མང་པོ་ཐོན་མྱོང་སྟབས། ང་ཚོས་ཚོར་འདུ་བརྒྱུད་བསྒྲགས་བྱེད་པའི་བརྒྱུད་རིམ་ནང་མང་ཚོགས་ཀྱིས་བསམ་གཞིག་དང་མཐོང་ཆེན་བྱེད་པའི་མ་མཐའི་ཀུན་སྤྱོད་དང་ཁྲིམས་ལུགས་ཀྱི་རྒྱུན་ཤེས་ལ་དོ་ཁུར་གང་ལེགས་བྱས་ཏེ། ངེས་པར་དུ་དཔྱད་གཏམ་གྱི་དྲང་བདེན་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།

    གསུམ་ནི་གསར་དར་སྨྱན་སྦྱོར་གྱིས་སྲོལ་རྒྱུན་སྨྱན་སྦྱོར་ལ་གནོན་ཤུགས་སྤྲད་ཡོད། དེ་ཡང་ཀྲུང་གོ་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ནས་སྤེལ་བའི་2023ལོའི་ཟླ་12པའི་བསྡོམས་རྩིས་བརྟག་དཔྱད་བྱས་འབྲས་ལས་མངོན་པར། 2022ལོའི་ཟླ་12ཚུན་ཆད་ནས་ད་བར། རང་རྒྱལ་གྱི་དྲ་དམངས་དུང་ཕྱུར་10.92དང་། མཉམ་སྦྲེལ་དྲ་རྒྱ་ཁྱབ་གདལ་སོང་ཚད་བརྒྱ་ཆ་77.5ཟིན་ཡོད”ཅེས་འཁོད་ཡོད། གྲངས་གཞི་ཆེན་མོ་དང་མཉམ་སྦྲེལ་དྲ་རྒྱ་བཅས་གསར་དར་སྨྱན་སྦྱོར་དར་བའི་དུས་སྐབས་ཆེན་མོ་འདིའི་འོག་ཏུ། སྲོལ་རྒྱུན་གྱི་སྨྱན་སྦྱོར་ཡིན་པའི་ཚགས་པར་ལ་དམིགས་གསལ་གྱི་གནོན་ཤུགས་ཆེན་པོ་འཕྲད་ཡོད། གང་ཡིན་ཞེ་ན། ཀློག་པ་པོ་ཉུང་དུ་ཕྱིན་པ་དང་། བརྡ་ཁྱབ་ཀྱི་ཡོངས་འབབ་ཉུང་དུ་སོང་བ། ད་ཡོད་ཀྱི་གཉེར་སྐྱོང་ཐད་དཀའ་ངལ་ངེས་ཅན་འཕྲད་བཞིན་ཡོད་པས། དྲ་ལམ་གྱི་གསར་འགྱུར་དཔྱད་གཏམ་གྱིས་ཚགས་པར་དཔྱད་གཏམ་གྱི་དུས་ཐོག་རང་བཞིན་གྱི་གནད་དོན་ཐོག་ལ་གནོན་ཤུགས་སྤྲད་པ་དེ་ཆེས་མངོན་གསལ་དོད་པ་ཞིག་ཡིན་པ་ར་སྤྲོད་ཐུབ་ཡོད།

    བཞི་ནི་དཔྱད་གཏམ་རྩོམ་ཡིག་ལ་ཆེད་ལས་རང་བཞིན་དང་གོ་སླའི་རང་བཞིན་གྱི་གདམ་གསེས་བྱེད་དཀའ་བ། ཚགས་པར་དཔྱད་གཏམ་ལ་གསར་འགྱུར་རྩོམ་ལུས་གཞན་དང་མི་འདྲ་བའི་རང་ངོས་ཀྱི་ཁྱད་ཆོས་ལྡན་ཡོད་པས། གནད་དོན་གཞན་དང་ཉ་ཉུང་མཉམ་བསྲེས་བྱེད་མི་རུང་། རྒྱུ་མཚན་ནི་ཚགས་པར་དཔྱད་གཏམ་གྱི་ཁ་ཕྱོགས་ས་ནི་མང་ཚོགས་ཡིན་པས། གཅིག་ནས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་གླེང་དགོས་པ་དང་། གཉིས་ནས་མང་ཚོགས་ལ་གོ་སླ་བའི་སྐད་ཆའི་ཐོག་ནས་བརྒྱུད་བསྒྲགས་ཐུབ་ཆེད་ཡིག་ཐོག་རྩོམ་ཡིག་ལ་ངེས་པར་དུ་གོ་སླ་བའི་ཁྱད་ཆོས་ལྡན་དགོས། ཉེ་བའི་ལོ་ཤས་རིང་། མཁས་དབང་རྣམ་པས་ཚགས་པར་དཔྱད་གཏམ་གྱི་ལེ་ཚན་པར་ངོས་ལ་གཙིགས་ཆེན་བགྱིས་ཏེ། ཚགས་པར་ཐོག་དཔྱད་གཏམ་མང་པོ་སྤེལ་ཀྱང་། ཆེད་ལས་རང་བཞིན་ཤུགས་ཆེ་བའི་དབང་གིས་མང་ཚོགས་ཀྱིས་གོ་བ་ཡག་པོ་ལེན་ཐུབ་ཀྱི་མེད་པས། མང་ཚོགས་ལ་གོ་སླ་བའི་ཚགས་པར་དཔྱད་གཏམ་སྤེལ་ན་རི་དེ་ལ་འཁོར་བའི་རི་དྭགས། ཆུ་དེ་ལ་འཁོར་བའི་ཉ་མོའི་དཔེ་བཞིན། ཀློག་པ་པོའི་ཀློག་འདོད་ཀྱི་སྤྲོ་སྣང་འཕེལ་བ་དང་ཁོང་ཚོའི་ཚད་མཐོའི་གདེང་འཇོག་ཀྱང་ཐོབ་ངེས་ཡིན་པས། ཚགས་པར་དཔྱད་གཏམ་གྱི་ལེ་ཚན་པར་ངོས་ཐོག་མང་ཚོགས་ཀྱིས་གོ་ཐུབ་ཅིང་དང་ལེན་སླ་བའི་དཔྱད་གཏམ་མང་ཙམ་སྤེལ་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེ།

    ལྔ་ནི་རྩོམ་ཁུངས་ཉུང་ཞིང་རྩོམ་པ་པོའི་དཔུང་ཁག་ཉམས་ཞན་པའི་གནས་སྟངས་དང་ཡུལ་ཕྱོགས་མི་འདྲ་བའི་རྩོམ་པ་པོ་དང་ལས་རིགས་མི་འདྲ་བའི་རྩོམ་པ་པོའི་དབར་གྱི་འགལ་འདུ་ཡིན། དཔེར་ན། ཤིན་ཅིང་ཚགས་པར་གྱི་དཔྱད་གཏམ་པར་ངོས་ཐོག་དཔྱད་གཏམ་བཅུ་རེ་བཀོད་སྒྲིག་བྱེད་བཞིན་འདུག་ཅིང་། དཔྱད་གཏམ་རྩོམ་ཡིག་གི་གྲངས་ཚད་མ་འགྱུར་བའི་རྨང་གཞི་ཐོག སྤུས་ཚད་ལེགས་སུ་ཇི་ལྟར་གཏོང་མིན་དང་། དེ་བཞིན་ནང་དོན་གསར་པ་ཡིན་པ་གང་ཞིག་སྨྱན་སྦྱོར་ཚན་པ་གཞན་དང་བསྐྱར་ཟློས་མི་ཡོང་ཆེད། དཔྱད་གཏམ་པར་ངོས་ལ་རེ་བ་ནན་པོ་བཏོན་དང་འདོན་བཞིན་ཡོད། ཆེད་ལས་མཁས་པའི་དཔྱད་གཏམ་རྩོམ་འབྲི་བ་དང་མི་སེར་དཀྱུས་མའི་དཔྱད་གཏམ་རྩོམ་འབྲི་བའི་དབར་གྱི་འགལ་བ་ནི། ལས་རིགས་མི་འདྲ་བའི་ཆེད་ལས་མི་སྣ་མང་པོ་དཔྱད་གཏམ་པའི་དཔུང་ཁག་ཏུ་ཞུགས་པ་དེས། ཚགས་པར་དཔྱད་གཏམ་གྱི་མ་འོངས་འཕེལ་ཕྱོགས་ཐད་ཚད་གཞི་གསར་པ་དང་འགྲན་སློང་ངེས་ཅན་འཕྲད་ཡོད།

    གསུམ་པ། མ་འོངས་འཕེལ་ཕྱོགས་ཀྱི་བསམ་འཆར།

    གཅིག ཚགས་པར་ལས་ཁུངས་ཁག་གིས་རང་རང་གི་ཁྱད་ཆོས་ལྡན་པའི་དཔྱད་གཏམ་རྩོམ་ཡིག་སྤེལ་དགོས་པ།

    དཔྱད་གཏམ་རྩོམ་ཡིག་གིས་ཚགས་པར་གྱི་མ་འོངས་འཕེལ་ཕྱོགས་ལ་དོ་ཁུར་ཆེན་པོ་བྱེད་དགོས་སྟབས། ངེས་པར་དུ་འཆར་གཞི་ལེགས་པོ་ཞིག་བཟོ་རྒྱུ་ནི་གལ་འགངས་ཧ་ཅང་ཆེ། འཆར་གཞི་མེད་ན་འཕེལ་རྒྱས་ལ་རྒྱབ་རྟེན་མེད་ཅིང་སྙིང་པོ་དེ་བས་མེད་པས། ཚགས་པར་ལས་ཁུངས་ཁག་གིས་ངེས་པར་དུ་རང་རང་གི་ཁྱད་ཆོས་ལྡན་པ་གང་ཞིག རྒྱ་ཆེའི་ཀློག་པ་པོས་དོ་སྣང་དང་ལྟ་འདོད་ཆེ་བའི་དཔྱད་གཏམ་ཇི་ལྟར་སྤེལ་མིན་ཐད་ཚགས་དམ་པའི་འཆར་གཞི་ལེགས་པོ་ཞིག་བཟོས་ཏེ། དམངས་ཀྱི་འདོད་བློ་སྐོང་གང་ཐུབ་བྱེད་པའི་རྨང་གཞིའི་ཐོག ཀློག་པ་པོའི་ལྟ་ཀློག་གི་སྤྲོ་སྣང་སྐྱེད་སྲིང་བྱེད་དགོས།

    གཉིས། གསར་འགྱུར་དཔྱད་གཏམ་ལ་ཆེད་ལས་རང་བཞིན་དང་མང་ཚོགས་ཀྱི་གོ་སླའི་རང་བཞིན་ཟུང་དུ་འབྲེལ་དགོས་པ། ཚགས་པར་ནི་དམངས་ལ་ཕྱོགས་པའི་སྨྱན་སྦྱོར་ཞིག་ཡིན་ཞིང་། དཔྱད་གཏམ་རྩོམ་ཡིག་ལ་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་གཞུང་ལུགས་ཀྱི་རྒྱབ་རྟེན་གང་འཚམ་ཞིག་དགོས་སྟབས། དཔྱད་གཏམ་རྩོམ་ཡིག་ཁྲོད་དེ་ལ་དེ་བསྟུན་གྱི་ཆེད་ལས་རང་བཞིན་ངེས་ཅན་ཡོད། འོན་ཀྱང་། ཀློག་པ་པོ་སོ་སོའི་རིག་གནས་ཆུ་ཚད་ལ་ཧེ་བག་ངེས་ཅན་ཡོད་པའི་དབང་གིས། གལ་ཏེ་དཔྱད་གཏམ་རྩོམ་ཡིག་ལ་ཆེད་ལས་རང་བཞིན་ཆེ་དྲགས་ན། ཀློག་པ་པོ་མི་ཉུང་བས་གོ་བ་ལེན་པར་དཀའ་ངལ་ངེས་ཅན་འཕྲད་སྲིད། དེས་ན། མང་ཚོགས་ཀྱི་བློ་ངོར་འཆར་རྒྱུ་ཡོད་པ་ཞིག་དང་མང་ཚོགས་ཀྱིས་གོ་ཐུབ་པའི་དཔྱད་གཏམ་རྩོམ་ཡིག་སྤེལ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། དེ་ཡང་གསར་འགྱུར་རིག་པའི་ཐོག་ནས་བཤད་ན། དཔྱད་གཏམ་ནང་མང་ཚོགས་ཀྱི་ཁེ་ཕན་དང་ཐག་ཉེ་བ་དང་མང་ཚོགས་ཀྱི་ཤེས་འདོད་པའི་གནས་ཚུལ་རྣམས་འགོད་དགོས་པ་ལས། དཔྱད་གཏམ་པའི་བློ་ངོར་གང་དྲན་ལྟར་རང་དགར་བྲིས་ན་མི་འགྲིག གཞན་ཡང་། བརྗོད་བྱ་རྒྱ་ཆེ་བ་དང་སྣ་མང་རང་བཞིན་ལྡན་པའི་དཔྱད་གཏམ་གྱི་ཆེད་སྒྲིག་ལེ་ཚན་གསར་དུ་བཏོན་ནས། ཆེད་སྒྲིག་ལེ་ཚན་གྱི་པར་ངོས་ཐོག་དཔྱད་གཏམ་པ་རང་ངོས་ཀྱི་ལས་ཁུངས་ཕུད། ད་དུང་དམངས་ཡོངས་ལ་དམིགས་ཏེ་ཕྱོགས་མང་བ་དང་ཟུར་མང་བའི་དཔྱད་གཏམ་རྩོམ་ཡིག་འབྲི་བར་འབོད་སྐུལ་དང་ལྕག་སྐུལ་བྱས་ནས། དཔྱད་གཏམ་གྱི་ཆེད་སྒྲིག་ལེ་ཚན་དེ་མང་ཚོགས་ཀྱི་གླེང་བརྗོད་སྤེལ་སའི་གར་སྟེགས་གསར་པ་ཞིག་ཏུ་འགྱུར་བ་བྱེད་དགོས།

    གསུམ། དཔྱད་གཏམ་པའི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་དཔྱད་གཏམ་རྩོམ་ཡིག་སྤེལ་དགོས་པ། དཔྱད་གཏམ་ལས་དོན་གཉེར་དགོས་ན། ཤེས་ལྡན་མི་སྣ་ནི་གནད་འགག་ཡིན་ཞེས་པ་ལྟར། ཚགས་པར་ལས་ཁུངས་ཁག་གིས་ཕྱོགས་གཅིག་ནས་རང་ཚགས་པར་གྱི་དཔྱད་གཏམ་པའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ། ཆབ་སྲིད་ཀྱི་གོ་རྟོགས་དང་གཞུང་ལུགས་ཀྱི་ཆུ་ཚད། ཆེད་ལས་ཀྱི་བྱང་ཚད་སོགས་ལྡན་པའི་ཕྱོགས་ཡོངས་ཀྱི་གསར་འགྱུར་དཔྱད་གཏམ་པའི་དཔུང་ཁག་གསོ་སྐྱོང་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་དཔྱད་གཏམ་པ་གསོ་སྐྱོང་བྱེད་སྐབས་ཀྱང་རང་ཚགས་པར་ལས་ཁུངས་ཀྱི་མི་སྣ་ཁོ་ན་མ་ཡིན་པར། ཆེད་ལས་མཁས་པ་དང་། ཆེད་ལས་དཔྱད་གཏམ་པ། རང་མོས་རྩོམ་འབྲི་བ་སོགས་ཤེས་ལྡན་པ་མང་པོར་ཁ་ཕྱོགས་ཏེ། དཔྱད་གཏམ་པའི་དཔུང་ཁག་སྟོབས་ཇེ་ཆེར་བཏང་ནས་རྩོམ་ཁུངས་མང་དུ་གཏོང་བ་དང་། རྩོམ་སྤུས་ལེགས་སུ་གཏོང་གང་ཐུབ་བྱེད་དགོས། དེ་མིན“སྨྱན་སྦྱོར་གསར་པར་ཆ་འཕྲིན་འདུ་ཚད་མང་བ་དང་། ཕོན་ཆེ་བའི་ཆ་འཕྲིན་རྣམས་དུས་ཐུང་ནང་དྲིལ་བསྒྲགས་བྱེད་ཐུབ་པར་བརྟེན། སྲོལ་རྒྱུན་སྨྱན་སྦྱོར་གྱིས་གསར་དར་སྨྱན་སྦྱོར་དང་ཟུང་འབྲེལ་ཡག་པོ་བྱས་ཏེ། ཚད་གཞི་མཐོ་བའི་མཉམ་འབྲེལ་དྲ་རྒྱའི་སྤྱི་སྟེགས་ཐོག་ནས་གསར་འགྱུར་དཔྱད་གཏམ་སྤེལ་དགོས”ཞེས་པ་ལྟར། སྲོལ་རྒྱུན་སྨྱན་སྦྱོར་གྱིས་གསར་དར་སྨྱན་སྦྱོར་དང་ཟུང་འབྲེལ་ཡག་པོ་བྱས་ཏེ། མང་ཚོགས་ཀྱིས་དོ་ཁུར་དང་དོ་སྣང་ཆེན་པོ་བྱེད་པའི་གནས་ཚུལ་ལ་དམིགས་ཏེ་དུས་ཐོག་ཏུ་དཔྱད་གཏམ་སྤེལ་ནས། སྤྱི་ཚོགས་ཀྱི་དྲང་ནུས་བརྒྱུད་སྤེལ་དང་གསར་འགྱུར་གྱི་གླེང་ཕྱོགས་ཁྲིད་སྟོན་གྱི་ནུས་པ་གང་ལེགས་འདོན་དགོས་སོ།

    (བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2022ལོའི་ཤེས་རམས་ཞིབ་འཇུག་སློབ་མ་བསོད་ནམས་ཆོས་ལྡན། རྩོམ་ཡིག་འདི་ནི་བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལས་གཞིའི་ཁོངས་གཏོགས་ཡིན་ཞིང་། ལས་གཞིའི་ཨང་རྟགས་ནི་2022-GSP-S091ཡིན)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།