བརྗོད་པའི་སྒྱུར་ཐབས་དང་ལོ་ཙཱ་བའི་བྱང་ཚད་ལས་འཕྲོས་པའི་གཏམ་ཐུང་ངུ་།
ཡིག་སྒྱུར་ནི་སྐད་རིགས་གཉིས་དབར་ལ་བསམ་དོན་སྤེལ་རེས་བྱེད་པའི་ལས་ཤིག་ཡིན་ཞིང་། ལས་སྒོ་དེའི་འགག་རྩ་ནི་ལོ་ཙཱ་བ་ཡིན་པར་སྨྲོས་མི་དགོས། དེའང་སྐད་རིགས་གཉིས་ཤེས་པ་ཙམ་གྱིས་ཡིག་སྒྱུར་གྱི་ལས་ལ་འཇུག་ཚེ། དེ་ནི་རང་གཞན་གཉིས་ཀར་འགན་མ་འཁུར་བའི་སྨྱོ་སྤྱོད་ཀྱི་རང་བཞིན་ལས་མ་འདས། ཡིག་སྒྱུར་གྱི་དམིགས་ཡུལ་གཙོ་བོ་ནི་སྒྱུར་བྱེད་སྐད་ཀྱི་མི་རྣམས་ཀྱིས་བསྒྱུར་བྱའི་མ་ཡིག་གི་ནང་དོན་ཤེས་རྟོགས་བྱ་རྒྱུ་དེ་ཡིན། སྐད་རིགས་མི་འདྲ་བ་གཉིས་གོ་བརྡ་འཕྲོད་པ་ཙམ་གྱིས་ཡིག་སྒྱུར་གྱི་ལས་ལ་ཞུགས་ན། ར་མིན་ལུག་མིན་གྱི་འགྱུར་ར་མ་ལུག་དང་། གོ་རྒྱུ་ཅིའང་མེད་པའི་འགྱུར་ཡིག་དེ་འདྲ་མང་པོ་ཐོན་པའི་རྒྱུ་མཚན་གཙོ་བོའང་ལོ་ཙཱ་བར་རག་ལས་པས། ལོ་ཙཱ་བའི་བྱང་ཚད་ནི་སྔ་དེང་མཁས་པས་མང་དུ་གླེང་བའི་ལོ་ཙཱའི་གནད་འགག་ཅིག་ཡིན།
དེའང་རང་རེའི་ཡིག་སྒྱུར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་སྟེང་། ལོ་ཙཱ་བའི་བྱང་ཚད་སྐོར་ལ་ཐོག་མར་སྣང་འཇོག་མཛད་མཁན་ནི་བཅུ་ཕྲག་རིག་པའི་གནས་ཀྱི་དབང་པོར་གྱུར་བའི་ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་ཡིན་ཞིང་། ཁོང་གི་གསུང་རྩོམ《མཁས་པ་འཇུག་པའི་སྒོ》ལས། “བོད་ཀྱི་སྐད་ལ་མི་ཤེས་པ། །ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། །འགའ་ཞིག་འགྱུར་གྱི་བྱེ་བྲག་དང་། །ཡུལ་སྐད་དག་ནི་བསྒྲིབས་པ་ཡོད། །འགའ་ཞིག་རྣམ་གྲངས་ནོར་བ་དང་། །ལ་ལས་ས་མཚམས་འཆུགས་པ་དང་། །ལ་ལ་མུན་སྤྲུལ་གྱིས་བསླད་པས། །ལོག་པར་བསྒྱུར་བར་གོ་བ་དཀའ། །སམ་སྐྲི་ཏའི་རྣམ་གྲངས་ཀྱི་སྒྲ། །ལ་ལ་སྔོན་རབས་ལས་བྱུང་བའི། །གཏམ་རྒྱུད་ལེགས་པར་མི་ཤེས་པས། །མིང་གི་རྒྱུ་མཚན་མ་རྟོགས་ནས། །ལོག་པར་སྒྱུར་བར་ཅུང་ཟད་མཐོང་། །”ཞེས་དཔེར་བརྗོད་དང་བཅས་རྒྱས་བཤད་བྱས་ཏེ་མཛུབ་མོ་རི་སྟོན་གྱི་སྒོ་ནས་སྐྱོན་བརྗོད་དང་ཞུས་དག་མཛད་ཅིང་། ལོ་ཙཱ་བའི་རང་སྟོབས་ཀྱི་ཤེས་རབ་དང་རྣམ་དཔྱོད་ཀྱི་ཆ་ནས་ལོ་ཙཱ་བགྱི་མཁན་ཞིག་ཡིན་ཕྱིན་རང་གཞན་གཉིས་ཀའི་རིག་གནས་ལ་བྱང་ཆུབ་པ་ཞིག་དགོས་པའི་སྐོར་ཤུགས་སུ་ནན་བཤད་གནང་བ་དང་། ཕྱིས་སུ་ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས《དག་ཡིག་མཁས་པའི་འབྱུང་གནས》ཀྱི་གླེང་གཞིའི་ནང་དུ་ལོ་ཙཱ་བར་ཚང་དགོས་པའི་ཆ་རྐྱེན་དག་ཞིབ་ཅིང་ཕྲ་བར་གསུངས་ཡོད། རྒྱའི་ལོ་ངོ་སྟོང་གི་དམ་ཆོས་སྒྱུར་བའི་ལོ་རྒྱུས་རིང་མོར་ཕྱི་ལྟས་ཞིག་བྱས་ཚེ། སུའེ་རྒྱལ་རབས་དུས་ཀྱི་ལོ་ཙཱ་བ་ཡན་ཙུང་གིས་ལོ་ཙཱ་བར་ཚང་དགོས་པའི་ཆ་རྐྱེན་བརྒྱད་སྟོན་ཡོད། ལོ་ཙཱ་བྱེད་མཁན་གྱི་གང་ཟག་ནི་ལོ་ཙཱའི་ལས་ཀྱི་འགག་རྩ་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་གནའ་དེང་མཁས་པས་ལོ་ཙཱའི་གཞུང་ལུགས་གསུངས་པའི་སྐབས། ཆེད་མངགས་ལོ་ཙཱ་བའི་བྱང་ཚད་ཅེས་ལོགས་སུ་བཀར་ནས་ནན་བཤད་བྱེད་པའི་རྒྱུ་རྐྱེན་ཀྱང་དེར་ཐུག་ཡོད། ལོ་ཙཱ་བ་ཞིག་ཡིན་ཕྱིན། གཅིག་ནས་སྐད་རིགས་གཉིས་ལ་ནང་བྱན་ཆུད་པ་ཞིག་དགོས་པ་དང་། གཉིས་ནས་སྐད་རིགས་གཉིས་དང་འབྲེལ་བའི་རིག་གནས་ལ་རྒྱུས་མངའ་དགོས་པ། གསུམ་ནས་གཟབ་གཟེངས་འཁུར་ལེན་གྱི་ལོ་ཙཱའི་འགན་སེམས་བཅས་ཚང་དགོས། གལ་ཏེ་ལོ་ཙཱ་བར་གོང་སྨྲོས་ཀྱི་ཆ་རྐྱེན་གང་རུང་ཞིག་ཚང་མེད་ན་འགྱུར་ཡིག་ཡང་དག་ཅིག་ཡོང་མི་སྲིད། དེ་ཡང་རྒན་ཡེ་ཤེས་དོན་གྲུབ་ལགས་ཀྱིས། “འཇིག་རྟེན་སྐད་དོད་ལོ་ཀ་དང་། །མིག་གི་དོན་ལ་ཙཀྴུ་འཇུག། །རྣམ་དབྱེའི་རྐྱེན་དང་སྲོག་ཞུགས་ཚེ། །ལོ་ཙཱ་འཇིག་རྟེན་མིག་གི་དོན། །སྐད་དང་ཡི་གེ་དུ་མ་ལ། །མཁས་ཤིང་ཕན་ཚུན་བསྒྱུར་ནུས་པས། །འཇིག་རྟེན་ཤེས་རིག་མ་ལུས་གནད། །ལྟ་བའི་མིག་ལྡན་འཇིག་རྟེན་མིག །”ཅེས་སྐད་ཡིག་གཉིས་སམ་དུ་མ་ཤེས་ཤིང་ཕན་ཚུན་བསྒྱུར་ཅིང་། འཇིག་རྟེན་གྱི་ཁྱོན་ཀུན་ཏུ་འཚོ་ཞིང་གནས་པའི་མིའི་རིགས་སྤྱི་དང་། བྱེ་བྲག་རྒྱལ་ཁབ་དང་མི་རིགས་ཁག་གི་རིག་པའི་གནས་ལ་བལྟ་བའི་ཤེས་རབ་ཀྱི་མིག་དང་ལྡན་པའི་ཕྱིར་ན་ལོ་ཙཱ་བར་འཇིག་རྟེན་མིག་ཅེས་བརྗོད་པ་དང་། ལོ་ཙཱ་བ་ཞིག་ཡིན་ཕྱིན་བསྒྱུར་བྱ་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ལ་བྱང་ཆུབ་པ་ཞིག་དགོས་པ་ནི་སྔོན་འགྲོ་དང་རྨང་གཞིའི་ཆ་རྐྱེན་ཡིན། སྐད་རིགས་གཉིས་དབར་གོ་བརྡ་འཕྲོད་པ་ཙམ་གྱིས་ལོ་ཙཱ་བགྱི་བ་ནི་སྲོག་ཆགས་ནེ་ཙོའི་འདོན་པ་རང་རེད་ལ། དེས་སྐད་རིགས་མི་འདྲ་བ་གཉིས་དབར་ལ་བསམ་དོན་སྤེལ་བར་ནུས་པ་གང་ཞིག་འདོན་ནུས། ལོ་ཙཱ་བ་ཞིག་ཡིན་ཕྱིན་སྐད་རིགས་གཉིས་ལ་ནང་བྱན་ཆུད་པ་ཞིག་དགོས་པ་མ་ཟད། སྐད་རིགས་གཉིས་དང་འབྲེལ་བའི་རིག་གནས་སྤྱི་དང་བྱེ་བྲག་ལ་རྒྱུས་མངའ་ངེས་ཅན་ཞིག་དགོས།
དཔེར་ན། བོད་མིའི་འབྲོག་པའི་རིག་གནས་ལ་ཆ་རྒྱུས་ཅི་ཡང་མེད་པའི་ལོ་ཙཱ་བས་རྒྱ་ཡིག་གི“羊粪”དང“驴粪”ཞེས་པའི་ཐ་སྙད་དེ་དག་བོད་རྒན་པོའི་སྐད་དུ“རིལ་མ”དང“ཨོང་རིལ”ཞེས་ཡོད་ཀྱང་། བོད་པའི་རིག་གནས་ལ་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་མེད་པའི་རྐྱེན་གྱིས། ཐ་སྙད་གསར་པ་བཟོས་ནས“ལུག་གི་སྐྱག་པ”དང“བོང་བུའི་སྐྱག་པ”ཞེས་སུ་བསྒྱུར་མཁན་ཀྱང་ཡོད། ཡང་རྒྱའི་རིག་གནས་ལ་རྒྱུས་མངའ་མེད་པའི་རྐྱེན་གྱིས་རྒྱ་ཡིག་གི“放屁!”ཞེས་མི་དགའ་བའི་ཉམས་འགྱུར་དང་ལྡན་པའི་བརྗོད་པ་རྐྱང་པ་དེ་བོད་ཡིག་ཏུ“རྟུག་དྲི་གློད”ཅེས་ཐད་སྒྱུར་བྱས་ནས་དགོད་བྲོའི་གནས་སུ་ལྷུང་བའི་དཔེ་མཚོན་ཀྱང་མང་དུ་མཆིས། སྐད་རིགས་གཉིས་དང་འབྲེལ་བའི་རིག་གནས་ལ་རྒྱུས་མངའ་མེད་པའི་རྐྱེན་གྱིས་བསྟན་དོན་ཡང་དག་མཚོན་མི་ཐུབ་པར་བཞད་གད་ཀྱི་རྒྱུར་གྱུར་བའི་འགྱུར་ཐབས་དེའི་རིགས་རྩ་བ་ནས་སྤངས་དགོས། ལོ་ཙཱ་བྱེད་པའི་བརྒྱུད་རིམ་ཁྲོད། ལོ་ཙཱ་བར་གཟབ་གཟེངས་འཁུར་ལེན་གྱི་ལོ་ཙཱའི་འགན་སེམས་མེད་པའི་རྐྱེན་གྱིས་ར་མ་ལུག་གི་འགྱུར་ཡིག་ཐེབས་ཆག་མང་པོ་ཞིག་ཐོན་དང་ཐོན་བཞིན་མཆིས། དེའི་སྐོར་ལ་དབྱིན་བོད་སྐད་རིགས་གཉིས་ལ་ནང་བྱན་ཆུད་པའི་གྲགས་ཅན་ལོ་ཙཱ་བ་དང་རྩོམ་པ་པོ་རྒན་བཀྲས་གླིང་དབང་རྡོར་ལགས་ཀྱིས་དགག་པ་ཚ་ནན་བརྒྱབ་ཡོད་དེ། “རྒྱ་བོད་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད། སྔོན་ལ་བོད་རང་གི་ཐ་སྙད་སྔོག་འདོན་བྱེད་དགོས་པ་དང་། གལ་ཏེ་བོད་ལ་དེ་འདྲའི་ཐ་སྙད་མེད་ན་བརྡ་སྤྲོད་དང་མཐུན་པའི་ཐ་སྙད་གསར་བཟོ་བྱེད་ཆོག་པ་ལས། རང་སྣང་གང་ཤར་གྱིས་ཐ་སྙད་གསར་བཟོ་བྱེད་པའི་གོམས་གཤིས་ངན་པ་དེའི་རིགས་མཐའ་གཅིག་ཏུ་སྤོངས་དགོས། དེང་སང་གི་གཞོན་སྐྱེས་ལོ་ཙཱ་བ་འགས་ཡིག་སྒྱུར་གྱི་ལས་ལ་སྣང་ཆུང་ཚུལ་གྱིས། ཐ་སྙད་མང་པོ་ཞིག་བོད་རྒན་པོའི་སྐད་ལ་ཡོད་བཞིན་དུ་སླར་ཡང་གསར་བཟོ་བྱས་འདུག དཔེར་ན། རྒྱ་ཡིག་གི“注意”(གཟབ་གཟབ་བྱེད་དགོས།)ཞེས་པའི་ཐ་སྙད་ལ་“ཡིད་གཟབ”ཞེས་བསྒྱུར་བ་དང་། “羊毛”(བལ།)ལ“ལུག་གི་བལ”ཞེས་བསྒྱུར་བ། “新娘”(མནའ་མ)ལ“མནའ་མ་གསར་པ”ཞེས་བསྒྱུར་བ་སོགས་ལོ་ཙཱ་བས་དཀའ་གཡོལ་སླ་བཅོས་དང་རང་སྣང་གང་ཤར་གྱིས་ཐ་སྙད་གསར་པ་བཟོས་པ་ནི་ཁྲིམས་མེད་ལུགས་མེད་རང་རེད”ཅེས་སྐྱོན་བརྗོད་གནང་བ་ལྟར། ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་གཟབ་གཟེངས་འཁུར་ལེན་གྱི་ལོ་ཙཱའི་འགན་སེམས་ངེས་པར་ཚང་དགོས།
གལ་ཏེ་ཡིག་སྒྱུར་བ་ཚང་མས་རང་སྣང་གང་ཤར་གྱིས་ཐ་སྙད་གསར་བཟོ་བྱས་ཚེ། ང་ཚོས་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟ་བུར་འཛིན་པའི་མི་རིགས་ཀྱི་སྐད་ཡིག་འདི་ལ་ངོ་གནོང་དགོས་པ་ཞིག་རེད། དེ་ཡང་རྒྱའི་གྲགས་ཅན་རྩོམ་པ་པོ་སྐུ་ཞབས་ཅི་ཤན་ལིན་གྱིས་འདི་ལྟར་གསུངས་ཡོད་དེ། “ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའ་ཡི་རིག་གནས་ཀྱི་ཆུ་རྒྱུན་རིང་མོ་དེ་དུས་སྐབས་འགའི་རིང་ཆད་ལ་ཁད་ཀྱང་ད་བར་མ་སྐམ་པར་ཡང་སྒོས་སྔར་བས་གསོན་ཤུགས་རྒྱས་ཐུབ་པའི་རྒྱུ་རྐྱེན་རྣལ་མ་ནི་ལོ་ཙཱའི་དྲིན་རང་ལགས”ཞེས་གསུངས་པ་ལྟར། ཡིག་སྒྱུར་གྱིས་སྐད་ཡིག་གཅིག་གི་རིག་གནས་སྔར་བས་འོད་སྟོང་འབར་བར་བྱེད་ཐུབ་ལ། ཡིག་སྒྱུར་གྱིས་སྐད་ཡིག་གཅིག་གི་འོད་སྟོང་འབར་བའི་རིག་གནས་དེ་དུས་ཐུང་ནང་བརླག་མེད་དུའང་གཏོང་ཐུབ་པར་སྙམ། དེའི་འགག་རྩ་ནི་ཡིག་སྒྱུར་བྱེད་མཁན་གྱི་གང་ཟག་ལ་ཐུག་ཡོད་པས། ལོ་ཙཱ་བའི་བྱང་ཚད་ནི་ལོ་ཙཱའི་ལས་སྒོའི་ཁྲོད་ཀྱི་འགག་རྩའི་འགག་རྩའང་ཡིན་གཤིས་ལོ་ཙཱ་བར་ངེས་པར་གཟབ་གཟེངས་འཁུར་ལེན་གྱི་འགན་སེམས་ལྡན་དགོས།
མདོར་དྲིལ་ན། རྒྱ་བོད་བརྗོད་པའི་ཡིག་སྒྱུར་གྱི་ལག་ལེན་ཁྲོད། ལོ་ཙཱ་བས་སྒྱུར་གྱི་རྩ་དོན་ལ་བརྩི་སྲུང་བྱས་པའི་རྨང་གཞིའི་ཐོག སྤུས་ཚད་ལོན་པའི་འགྱུར་ཡིག་ལེགས་པོ་ཞིག་ཐོན་དགོས་ན། ངེས་པར་འོས་ཤིང་འཚམས་པའི་སྒྱུར་ཐབས་སྤྱད་ནས་སྒྱུར་དགོས། དེའང་རྒྱ་བོད་བརྗོད་པའི་སྒྲིག་གཞི་དང་རྣམ་པ། ཁྱད་ཆོས་སོགས་མི་འདྲ་བས། བརྗོད་པའི་སྒྱུར་ཐབས་ལ་བསྣོར་སྒྱུར་དང་། ཕྲལ་ཏེ་སྒྱུར་བ། སྡུད་དེ་སྒྱུར་བ། ལྡོག་ནས་སྒྱུར་བ། བརྗེ་སྒྱུར་གྱི་ཐབས་བཅས་སྤྱོད་མཁོ་ཆེ་བའི་སྒྱུར་ཐབས་ལྔ་ཡོད་ཅིང་། ལོ་ཙཱ་བས་་འོས་ཤིང་འཚམས་པའི་སྒྱུར་ཐབས་སྤྱད་ནས་མ་ཡིག་གི་ནང་དོན་ཇི་བཞིན་བུ་ཡིག་ཏུ་བསྐྱར་མཚོན་བྱེད་དགོས་པ་གལ་འགངས་ཆེའོ། ། (ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་བོད་སྐད་ཡིག་སློབ་དཔྱོད་ཁང་གི་དགེ་རྒན་ཚེ་རིང་སྒྲོལ་དཀར)