དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ཐང་ག
  • ན་གཞོན་ལྷ་འབྲི་བ་འཇིགས་མེད་རྡོ་རྗེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-12

    འཇིགས་མེད་རྡོ་རྗེས(གཡས)དགེ་ཕྲུག་ལ་སློབ་ཚན་ཁྲིད་བཞིན་པ།

    ལྷ་སའི་འཇའ་ཚོན་ཆུ་མིག་ཕན་བདེ་དམིགས་བསལ་སློབ་གྲྭས་སྤྲད་པའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཡིན་པ།

    དགེ་རྒན་ཆེ་མོ་བ་བསྟན་པ་རབ་བརྟན་གྱིས་འཇིགས་མེད་རྡོ་རྗེར་ཐང་ག་བཞེངས་སྐབས་ཀྱི་བསྡུར་ཚད་སློབ་བཞིན་པ།

    འཇིགས་མེད་རྡོ་རྗེས་ཐང་ག་བཞེངས་བཞིན་པ།

    འཇིགས་མེད་རྡོ་རྗེས(གཡོན)དགེ་ཕྲུག་དང་ཐང་ག་བཞེངས་པའི་ལག་རྩལ་སྐོར་ལ་སྤེལ་རེས་བྱེད་བཞིན་པ།

    འཇིགས་མེད་རྡོ་རྗེས་བཞེངས་པའི་བོད་ལུགས་གསོ་རིག་གི་གཞུང་ལུགས《དཔལ་ལྡན་རྒྱུད་བཞིའི》ཐང་ག་ཡིན་པ།

    1991ལོར། འཇིགས་མེད་རྡོ་རྗེ(ལས་རོཌ་ཚོས་ཁོང་ལ་འཇིགས་མེད་ཅེས་འབོད་པར་དགའ)སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་གདན་མ་ཤང་དུ་སྐྱེས། ལོ་5ལ་སླེབས་སྐབས་ཕ་མ་དང་མཉམ་དུ་ལྷ་སར་ཚོང་རྒྱག་པར་ཡོང་། སྐབས་དེ་དུས། ཕ་ཚེ་དབང་རྡོ་རྗེས“ཕྲུ་གུ་གསུམ་པོ་ཚང་མས་ཚོང་བརྒྱབ་ནས་བསྡད་ན་མི་འགྲིག་པར། རིག་གནས་སམ་ཡང་ན་ལག་ཤེས་སྣ་གཅིག་སྦྱོང་དགོས་པའི”གྲོས་འགོ་བཏོན། ཆུང་དུས་ནས་རི་མོ་འབྲི་རྒྱུར་དགའ་བའི་འཇིགས་མེད་རྡོ་རྗེས་ཐང་ག་སྦྱོང་རྒྱུའི་གདམ་ག་བྱས་པས་ཐང་གའི་སྒྱུ་རྩལ་དང་ལས་འབྲེལ་ཟབ་པའི་མི་ཚེའི་ལམ་བུ་ཞིག་གཏོད་འགོ་ཚུགས།

    2002ལོར། ལོ་11ལ་སླེབས་པའི་འཇིགས་མེད་རྡོ་རྗེ་ཁྲེང་ཏུའུ་རུ་བསྐྱོད་དེ་འཇམ་དབྱངས་ཆོས་འཕེལ་དགེ་རྒན་དུ་བསྟེན་ནས་དེ་གར་དཀའ་བ་གྲངས་མེད་ཁྱད་དུ་བསད་དེ་ལོ་གསུམ་རིང་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་བཞེངས་རྩལ་ཧུར་ཐག་སྦྱངས། ཕ་མ་དང་ཁ་བྲལ་ཐེངས་དང་པོ་ཡིན་པའི་ཁོང་གིས་གྲོང་ཁྱེར་ཆེན་པོའི་ནང་མི་འཕྲོད་པ་སོགས་ཀྱི་གནད་དོན་མང་པོར་སོ་སོ་གཅིག་པུས་ཁ་གཏད་གཅོག་རྒྱུ་ལས་ཐབས་གཞན་གང་ཡང་མེད། ཐང་ག་བཞེངས་རྩལ་སྦྱོང་བ་ཕུད། ཁོང་གིས་ད་དུང་ལས་ཀ་གཞན་དག་ཀྱང་བྱེད་དགོས་ཀྱི་ཡོད། དུས་ཀྱི་འཁོར་འགྲོས་དང་བསྟུན་ནས་ཁོང་གི་ངོ་གདོང་ལས་རིམ་བཞིན་བྱིས་བློའི་ཉམས་མདངས་ཡལ་ནས་སྒམ་བརླིང་གི་ཉམས་ཤིག་མངོན། སློབ་སྦྱོང་བྱེད་རིང་བརྩོན་འགྲུས་དང་ལྷན་སྐྱེས་ཀྱི་ཤེས་རབ་ལ་བརྟེན་ནས་ཁོང་གིས་ཐང་ག་དང་ལྡེབས་རིས་འབྲི་བའི་འབྲེལ་ཡོད་ལས་ཀ་ཧུར་ཐག་བྱས་ཏེ་ཚོན་རྩི་གཏོང་བའི་ལས་འགན་འཁུར་བར་གདེང་འཇོག་བཟང་པོ་ཐོབ་ཡོད།

    2005ལོར། ལོ་14ལ་སླེབས་པའི་འཇིགས་མེད་རྡོ་རྗེ་ལྷ་སར་ལོག་ནས་སྟག་རྩེ་རུ་ཐང་གའི་ཀུང་སི་ཞིག་ཏུ་རྨང་གཞིའི་ཤེས་བྱ་མུ་མཐུད་སློབ་སྦྱོང་བྱས། འཆད་ཁྲིད་ཐེངས་གཅིག་བྱེད་སྐབས། དགེ་རྒན་ཆེ་མོ་བ་བསྟན་པ་རབ་བརྟན་གྱིས་སློབ་སྟོན་གནང་བས། དད་གུས་ཆེན་པོ་སྐྱེས་ནས་དགེ་རྒན་དུ་བསྟེན་རྒྱུའི་སེམས་ཐག་བཅད།

    2009ལོར། འཇིགས་མེད་རྡོ་རྗེ་རང་ཉིད་ཀྱི་བསམ་འདུན་བཞིན་བསྟན་པ་རབ་བརྟན་ཐང་གའི་སྒྱུ་རྩལ་སློབ་གྲྭར་སློབ་གཉེར་བྱེད་པའི་གོ་སྐབས་བྱུང་ཞིང་། ལོ་བཅུ་ཡི་རིང་ཐང་གའི་ལག་རྩལ་དང་རིགས་པའི་གཞུང་ལུགས་ལ་བསྐྱར་དུ་འབད་པས་སྦྱངས། དེའི་རིང་། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས《དཔལ་ལྡན་རྒྱུད་བཞིའི》ཐང་ག་ཆ་ཚང་དང《འུན་ཤིང་ཀོང་ཇོ་བོད་དུ་ཕེབས་པའི་འབྱུང་རིས》ཀྱི་ཐང་ག་སོགས་བཞེངས་པའི་ལས་ལ་ཞུགས་པ་མ་ཟད། ད་དུང“ཕུལ་བྱུང་སློབ་མའི”མཚན་སྙན་ཡང་ཐོབ། 2019ལོར། སློབ་ཐོན་བརྩམས་ཆོས་ལེགས་གྲུབ་བྱུང་བ་དང་། ལོ་17རིང་གི་སློབ་གཉེར་ལམ་བུའང་ཕུན་སུམ་ཚོགས་པོས་མཇུག་བསྒྲིལ་བ་རེད།

    འཇིགས་མེད་རྡོ་རྗེ་སློབ་གྲྭ་ཐོན་རྗེས་བོད་ལྗོངས་ལོ་རྒྱུས་མེ་ལོང་ཐང་གའི་སྒྱུ་རྩལ་ལྟེ་གནས་བཙུགས་པ་དང་། 2022ལོར། ཁོང་བོད་རང་སྐྱོང་ལྗོངས་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མིར་གྱུར།

    ཀྲུང་གོ་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་བོད་རང་སྐྱོང་ལྗོངས་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཉི་མ་ཚེ་རིང་གིས“དུས་རབས་གསར་པའི་རླབས་རྒྱུན་ཁྲོད་བོད་ཀྱི་བཟོ་རྩལ་མཛེས་རྩལ་ལས་རིགས་ཀྱི་བཀྲག་མདངས་སྔར་བས་འཚེར་བཞིན་མཆིས། བོད་རང་སྐྱོང་ལྗོངས་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི་དང་དེ་བཞིན་ན་གཞོན་ལྷ་འབྲི་བ་ཡིན་པའི་འཇིགས་མེད་རྡོ་རྗེ་ནི་བཀྲག་མདངས་རབ་ཏུ་འཚེར་བའི་སྐར་མ་ཞིག་དང་གཉིས་སུ་མ་མཆིས”ཞེས་གདེང་འཇོག་མཐོ་པོ་བྱས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།