ནམ་ཟླ་སྟོན་ཀ་ཤར་སོང་། ཆུ་ཚན་རྒྱག་པར་ཕེབས་དང་།
འདི་ནི་གཏེར་སྒྲོམ་ཆུ་ཚན་འོག་མའི་མགྲོན་ཁང་གིས་བོད་ལུགས་གསོ་རིག་སྨན་པ་གདན་དྲངས་ཏེ་ཡུལ་མི་ཚོར་ནད་ལྟ་བཞིན་པ།
འདི་ནི་བཀྲ་ཤིས་དོན་གྲུབ་ཀྱི་བཟའ་ཟླས་མགྲོན་ཁང་དུ་གཙང་སྦྲ་བྱེད་བཞིན་པ།
འདི་ནི་གཏེར་སྒྲོམ་ཆུ་ཚན་འོག་མའི་ཐོག་མའི་ཆུ་མིག་ཡིན་པ།
འདི་ནི་གཏེར་སྒྲོམ་ཆུ་ཚན་འོག་མའི་ཟུར་ཞིག་ཡིན་པ།
འདི་ནི་གཏེར་སྒྲོམ་ཆུ་ཚན་འོག་མའི་ཆུ་རྫིང་ཡིན་པ།
འདི་ནི་ཆུ་ཚན་གྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱ་ཆེད་བཙུགས་པའི་ཤིང་སྡོང་ཡིན་པ།
འདི་ནི་གཏེར་སྒྲོམ་ཆུ་ཚན་འོག་མའི་འགྲམ་ནས་རྒྱུ་བའི་ལྷ་ས་སྐྱིད་ཆུའི་ཆུ་ལག་སྟེ་ཞོལ་རོང་གཙང་པོ་ཡིན་པ།
གཏེར་སྒྲོམ་ཆུ་ཚན་ནི་ལོ་རྒྱུས་རིང་བའི་ཆུ་ཚན་ཞིག་ཡིན་ཞིང་། ད་བར་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན། དེ་ནི་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་གཏེར་སྒྲོམ་གྲོང་ཚོར་གནས་པ་དང་མལ་གྲོ་གུང་དཀར་རྫོང་གྲོང་དང་བར་ཐག་སྤྱི་ལེ་73ཡོད། གཏེར་སྒྲོམ་ཆུ་ཚན་གྱི་དྲོད་ཚད་ལོ་མང་རིང་ཏུའུ་40ཡས་མས་སུ་གནས་ཤིང་རྒྱལ་སྤྱིའི་དབང་གྲགས་སྒྲིག་གཞིས“འཛམ་གླིང་གི་ཆུ་ཚན་ཨང་དང་པོར”བདམས་པ་རེད། ཆུ་ཚན་གནས་སའི་ས་བབ་མཐོ་ཚད་སྨི་4600ཙམ་ཟིན་པ་དང་རྩི་ཤིང་སྟུག་པོ་ཡོད་པའི་ཁར། རི་སྐྱེས་སྲོག་ཆགས་ཀྱང་རྟག་ཏུ་མཐོང་རྒྱུ་ཡོད་པ་རེད།
གཏེར་སྒྲོམ་ཆུ་ཚན་ལ་ཆུ་ཚན་གོང་འོག་གཉིས་སུ་དབྱེ་ཤིང་། གཏེར་སྒྲོམ་ཆུ་ཚན་འོག་མ་ནི་ཐོག་མེད་ཆུ་ཚན་ཡིན་པ་དང་སྔར་བཞིན་གདོད་མའི་ལུས་འཁྲུད་ཀྱི་རྣམ་པ་ལྟར་ཡིན་ལ། ཆུ་ཚན་གྱི་མཐའ་ནི་རྡོ་བརྩིགས་དང་། ཆུ་རྫིང་བརྒལ་སྐབས་ཆུ་མིག་ནས་ཚ་རླངས་འཕྱུར་བཞིན་པ་གསལ་ལེར་མཐོང་ཐུབ།
བཀྲ་ཤིས་དོན་གྲུབ་ནི་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་རི་མདོ་སྒང་གྲོང་ཚོའི་ཡུལ་མི་ཡིན་པ་དང་ལོ་བརྒྱད་ཀྱི་གོང་དུ་ཁོང་དང་བཟའ་ཟླ་མཉམ་དུ་གཏེར་སྒྲོམ་ཆུ་ཚན་དུ་དྲེག་ནད་བཅོས་པར་ཡོང་བ་རེད། ཕྱིས་སུ་ནད་དྲག་རྗེས་གཏེར་སྒྲོམ་ཆུ་ཚན་འོག་མའི་མགྲོན་ཁང་དུ་ལས་ཀ་བྱས་ནས་བསྡད།
བཀྲ་ཤིས་དོན་གྲུབ་ཀྱིས“གཏེར་སྒྲོམ་ཆུ་ཚན་གྱི་ཆུའི་དྲོད་ཚད་མཐོ་ཙམ་ཡོད་པ་དང་། ཆུ་ཚན་ཆུ་ཚོད་ཕྱེད་ཀ་ཙམ་བརྒྱབ་རྗེས་ཉེ་འགྲམ་གྱི་ཇ་ཁང་དུ་ཇ་འཐུང་བ་དང་བོད་ཐུག་ཟ་བར་སྐྱོད་ཆོག གྲུམ་བུའི་ནད་དང་རུས་ཚིགས་ཀྱི་ནད་ཕོག་པའི་ཞིང་འབྲོག་པ་མི་ཉུང་བས་ཤ་སྐམ་པོ་དང་། ཉལ་ཆས། ཐབ་ཆས་སོགས་འཚོ་བའི་མཁོ་ཆས་ཁྱེར་ནས་ཡུན་རིང་དེ་གར་སྡོད་ཆུ་ཚན་བརྒྱབ་ནས་སྡོད་ཀྱི་ཡོད། ཁོང་ཚོས་ཉིན་ལྟར་ཆུ་ཚན་ཐེངས་གསུམ་བཞི་ཙམ་མམ་ཡང་ན་དེ་ལས་མང་བ་རྒྱག་གི་ཡོད་པ་དང་། དུས་ཡུན་ཟླ་བ་གཅིག་ལྷག་ཙམ་རྒྱུན་མཐུད་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།
“ང་དང་བཟའ་ཟླར་ལག་རྩལ་སྣ་གཅིག་ཀྱང་མེད་ལ་རིག་གནས་ཆུ་ཚད་ཀྱང་མཐོ་པོ་མེད་པས། སྤེན་པའི་རོགས་རམ་འོག་གཞི་ནས་ལས་ཀ་བརྟན་པོ་ཞིག་རག་བྱུང”ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་བཤད། ཁོང་གིས་ཤོད་པའི་སྤེན་པ་ནི་གཏེར་སྒྲོམ་ཆུ་ཚན་འོག་མའི་མགྲོན་ཁང་གི་འགན་འཁུར་བ་རེད།
སྤེན་པས་2009ལོར་པ་ར་ཁ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་རྒྱབ་སྐྱོར་འོག་གཏེར་སྒྲོམ་ཆུ་ཚན་འོག་མ་འགན་གཙང་བླངས་པ་དང་འབྲེལ་མ་དངུལ་སྒོར་ཁྲི་700ལྷག་ཙམ་བཏང་ནས་ཆུ་ཚན་གྱི་སྒྲིག་བཀོད་སྒྱུར་བཀོད་དང་། ཁང་པ་མཛེས་བཟོ། ལས་མི་བསྡུ་བ་དང་གསོ་སྦྱོང་སོགས་བྱས་པ་ཡིན། དེ་སྔ་ཆུ་མིག་གཅིག་ལས་མེད་པ་དང་བཙོག་ཟིང་ཞན་གསུམ་གྱི་ཆུ་ཚན་དེ་ད་ཆ་རྣམ་པ་གསར་རྐྱང་དུ་གྱུར་ཅིང་། མིག་སྔར་གཏེར་སྒྲོམ་ཆུ་ཚན་འོག་མའི་མགྲོན་ཁང་དུ་བོད་ལུགས་ཁང་པ་20ལྷག་ཙམ་ཡོད་པ་དང་། མགྲོན་ཁང་གིས་འགྲུལ་པར་སྤུས་ལེགས་ཀྱི་ཞབས་འདེགས་ཞུ་བ་དང་ཆབས་ཅིག རིན་གོང་དམའ་བ་སོགས་ཀྱི་ལེགས་ཆས་རྒྱ་ཆེའི་ཡུལ་མི་དང་ཡུལ་སྐོར་བ་ཞག་སྡོད་བྱེད་པའི་ཡིད་དབང་བཀུག་ཡོད་ཅེས་བཤད།
སྤེན་པས་ཆུ་ཚན་གཉེར་སྐྱོང་ཡག་པོ་བྱེད་པ་དང་དུས་མཚུངས་ལོ་ལྟར་མགྲོན་ཁང་གི་གཉེར་སྐྱོང་ཁེ་སྤོགས་ཀྱི་ཆ་ཤས་ཤིག་པ་ར་ཁ་གྲོང་ཚོའི་མཉམ་སྡེབ་ལ་སྤྲོད་པ་མ་ཟད། ད་དུང་ཉེ་འཁོར་གྱི་འཚོ་བ་དབུལ་བའི་ཡུལ་མིར་རོགས་རམ་བྱེད་ཀྱི་ཡོད། གཏེར་སྒྲོམ་ཆུ་ཚན་འོག་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། ཁོང་རང་ཉིད་ཀྱིས་མ་དངུལ་བཏང་ནས་ཆུ་ཚན་གྱི་མཐའ་འཁོར་དུ་ཤིང་བཙུགས་ཏེ་འགྲུལ་པ་ཚོར་ཆུ་ཚན་རྒྱག་སྐབས་སྤྲོ་སྣང་ཡོང་བར་བྱེད་ཀྱི་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ལྷ་སའི་ཡུལ་སྐོར་སྡེ་ཚན་གྱིས“ལྷ་སའི་བྱང་སྐོར་ལམ་ཐིག”གི་ཡུལ་སྐོར་མིང་བྱང་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་ཅིང་། ལྷ་སའི་བྱང་སྐོར་ལམ་ཐིག་གིས་ལྷ་སའི་ཉེ་འཁོར་གྱི་བརྗིད་ཆགས་པའི་མཛེས་ལྗོངས་དག་ལ་ཁྱབ་པར་བྱས་པ་དང་ལྷ་སའི་ཆེས་ངོ་མཚར་ཆེ་བའི་མི་ཆོས་རིག་གནས་དང་རང་བྱུང་མཛེས་ལྗོངས་གཅིག་ཏུ་འདུས་པས། ཚང་མས་དེ་ནི་མཚོ་བོད་ས་མཐོའི་ཡུལ་ལྗོངས་ཕུན་སུམ་ཚོགས་ཤོས་དང་ཚགས་དམ་པའི་ལྗོངས་གཟིགས་ལམ་ཐིག་ཡག་ཤོས་ཤིག་རེད་ཅེས་བརྗོད་ཀྱི་ཡོད། གཏེར་སྒྲོམ་ཆུ་ཚན་དེ་ཉིད་ལྷ་སའི་བྱང་སྐོར་ལམ་ཐིག་གི་གནས་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཡུལ་སྐོར་ལམ་ཐིག་གི་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་པ་དང་བསྟུན་ཏེ་ཡུལ་སྐོར་བ་དེ་བས་མང་བས་ཆུ་ཚན་གྱི་སྙན་གྲགས་སྙེགས་ནས་ཡོང་བཞིན་ཡོད་པ་རེད།