དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ཐང་ག
  • བོད་ཀྱི་ཐང་གའི་སྒྱུ་རྩལ་གཟའ་འཁོར་གྱི་བྱེད་སྒོ་སྐབས་དང་པོ་ལྷ་སར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-10

    ཉེ་ཆར། བོད་ལྗོངས་ཐང་ག་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་བོད་ཀྱི་ཐང་གའི་སྒྱུ་རྩལ་གཟའ་འཁོར་གྱི་བྱེད་སྒོ་སྐབས་དང་པོ་བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་དུ་བདེ་བླག་ངང་གཉེར་ཞིང་། ད་ཐེངས་ཀྱི་སྒྱུ་རྩལ་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་བོད་ཀྱི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཐང་གའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་རྔམས་མཐུག་པའི་རིག་གནས་ཀྱི་རྨང་གཞི་ཟབ་མོ་མངོན་པར་བྱེད་པ་དང་དུས་མཚུངས། ཐང་གའི་སྒྱུ་རྩལ་གྱི་ཐོན་ལས་ཅན་གྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱ་ཆེད་ཀྱང་ཡིན་པ་རེད།

    བོད་ཀྱི་ཐང་གའི་སྒྱུ་རྩལ་གཟའ་འཁོར་རིང་། ངོ་མཚར་ཆེ་བའི་བྱེད་སྒོ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ཞིང་། ལག་བྲིས་ལག་ཤེས་འགྲེམས་སྟོན་ཆེན་པོ་ནི་ད་ཐེངས་ཀྱི་བྱེད་སྒོའི་བཀྲག་མདངས་འཚེར་སའི་གྲས་སུ་གྱུར་ཡོད། བོད་ཀྱི་ས་གནས་ཁག་ནས་ཡོང་བའི་ཕུལ་བྱུང་གི་ལྷ་འབྲི་བའི་ཁྲོད་སྲོལ་རྒྱུན་གྱི་ཐང་གའི་འབྲི་ལུགས་ཁག་ཚང་མ་ཚུད་ཡོད། ཁོང་ཚོས་རྩེར་སོན་གྱི་པིར་རྩལ་ལ་བརྟེན་ནས་ཐང་ག་བཞེངས་པའི་བརྒྱུད་རིམ་ཚང་མ་ལྟད་མོ་བར་བསྟན་ཞིང་། ཐང་གའི་བརྩམས་ཆོས་རྩེ་གྲ་འགྲེམས་སྟོན་བྱེད་སྐབས་བོད་ལྗོངས་ནང་ཁུལ་གྱི་ཐང་གའི་བརྩམས་ཆོས་རྩེ་གྲ་བརྒྱ་ལྷག་ཙམ་མཉམ་དུ་འགྲེམས་སྟོན་བྱས་ནས་ལྟད་མོ་བའི་མིག་གི་དགའ་སྟོན་དུ་བཤམས་ཡོད། ཐང་གའི་རིག་གཞུང་བགྲོ་གླེང་ཁྲོད་རིགས་གཅིག་མཁས་ཅན་དང་། མཁས་དབང་། ལས་རིགས་ཁག་གི་མི་སྣ་བཅས་མང་པོ་གདན་དྲངས་ཏེ། ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་། སྲུང་སྐྱོང་། འཕེལ་རྒྱས། དེ་བཞིན་ཐོན་ལས་ཅན་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཐོན་རྫས་འོས་སྦྱོར་ཉོ་ཚོང་ལྷུ་ཚིགས་ཀྱིས་ཐང་ག་ཉོ་ཚོང་བྱེད་མཁན་གྱི་སྒྱུ་རྩལ་མཁས་ཅན་དང་ཉར་ཚགས་བྱེད་མཁན་ཚོར་དབང་གྲགས་ལྡན་པའི་ཉོ་ཚོང་གི་ལས་སྟེགས་ཤིག་བཏོད་ཡོད།

    བོད་ལྗོངས་ཐང་ག་མཐུན་ཚོགས་ཀྱི་ཚོགས་གཙོ་ངག་དབང་འཇིགས་མེད་ཀྱིས“ད་ཐེངས་ཀྱི་སྒྱུ་རྩལ་གཟའ་འཁོར་གྱི་བྱེད་སྒོའི་ནང་འགྲེམས་སྟོན་རབ་དང་རིམ་པ་དང་། རིག་གཞུང་བགྲོ་གླེང་། ས་གནས་ས་ཐོག་ཏུ་ཉམས་ལེན་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་ལོ་རྒྱུས་ཡུན་རིང་དང་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས་ཐང་གའི་སྒྱུ་རྩལ་ཐོན་ལས་ཅན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་གི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།