དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • བརྩེ་སེམས་ཟབ་མོ་བཅངས་ནས་ས་མཐོའི་སྐལ་བཟང་མེ་ཏོག་སྐྱེ་འཚར་ཡག་པོ་ཡོང་བར་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཞུས་ཡུས་ཡའོ།   |     སྤེལ་དུས།  2024-10-08

    བོད་ལྗོངས་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་ལྟེ་བའི་སློབ་ཆུང་གི་སློབ་སྤྱི་གཞོན་པ་སུང་ཡུས་ཀང་གིས་སློབ་ཁང་དུ་སྐོམ་པ་ཆུ་འདོད་ལྟར་རིག་གནས་སྦྱོང་འདོད་ཆེ་བའི་ཕྲུ་གུ་ཚོར་ལྟ་བཞིན་དུ་སེམས་ནང་དགའ་ཚོར་ཆེན་པོ་སྐྱེས།

    སུང་ཡུས་ཀང་ཤང་སློབ་ཆུང་འདིར་ལས་ཀ་བྱས་ནས་ལོ་27འགྲོ་གི་ཡོད། ལོ་དེ་དག་ནང་ཁོང་གིས་ཉིན་ལྟར་ཕྲུ་གུ་ཚོ་དང་སྤེལ་རེས་བྱེད་ཀྱི་ཡོད་ཅིང་། བོད་རིགས་ཕྲུ་གུ་མང་པོ་ཞིག་གིས་ཁོང་ལ“ཨ་ཕ་སུང་ལགས”ཞེས་འབོད་ཀྱི་ཡོད།

    སུང་ཡུས་ཀང་གི་གློག་ཀླད་ནང་ཉེ་འཁོར་གྱི་དཀའ་ངལ་ཡོད་པའི་ཕྲུ་གུ་ཚོའི་གནས་ཚུལ་ཞིབ་ཕྲ་བཀོད་ཡོད། ཁོང་གིས“ཁོང་ཚོར་གནད་དོན་གང་ཞིག་འཕྲད་མིན་དང་། ཁྱིམ་དུ་དཀའ་ངལ་གང་ཞིག་ཡོད་མིན་སོགས་ཚང་མ་ནི་ང་ཚོས་འཐབ་ས་དང་པོར་བརྟག་ཞིབ་བྱས་ནས་ཤེས་རྟོགས་བྱུང་བ་ཞིག་ཡིན”ཞེས་ངོ་སྤྲོད་བྱས།

    1997ལོར་སུང་ཡུས་ཀང་རུ་ཐོག་ཤང་དུ་སླེབས་པ་དང་སོ་ཕག་གི་ཁང་པ་དང་འདམ་རྫབ་ཀྱི་ལམ་བུས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། དགུན་ཁ་ཤར་ཚེ། རུས་པར་ན་ཟུག་གཏོང་བའི་གྲང་རླུང་ངར་མ་ཁང་པའི་ནང་ལྡང་བ་དང་། ཆར་པ་བབས་ཚེ་ཁང་པའི་ནང་ཐིགས་པ་རྒྱག་གི་ཡོད། གངས་ཆར་བབས་རྗེས། སུང་ཡུས་ཀང་འདམ་བག་བཙལ་ནས་གྱང་ལ་བྱུག་པ་དང་ཐོག་ཁར་ཐིགས་ས་རྒྱག་པ་མ་ཟད། ད་དུང་གངས་གསོག་གཙང་འཕྱག་བྱེད་དགོས་ཀྱི་ཡོད།

    ཕྲུ་གུ་ཚོའི་འཛུམ་མདངས་ལས་སུང་ཡུས་ཀང་ལ་རྒྱུན་འཁྱོངས་བྱེད་པའི་སྒུལ་ཤུགས་འཕེལ་ཞིང་། སློབ་ཁང་ནང་སྐྱོད་རིམ་བཞིན་ཕྲུ་གུ་ཚོའི་མིག་ནང་རེ་སྒུག་གིས་ཁེངས་པ་མཐོང་ཐུབ།

    “སྐབས་དེ་དུས་ཕྲུ་གུ་ཚོའི་རྒྱལ་ཁབ་ཀྱི་སྤྱི་སྐད་ཆུ་ཚད་ཅུང་དམའ་པོ་ཡོད། ཕྲུ་གུ་མང་པོ་ཞིག་གིས་ངས་བཤད་པའི་སྐད་ཆ་ཧ་གོ་གི་མེད་སྟབས་ངས་སྐད་ཆ་ཚིག་གཅིག་བཤད་དེ་ཁོང་ཚོར་བསྐྱར་བཤད་བྱེད་དུ་བཅུག་གི་ཡོད། ངས་མུ་མཐུད་དེ་སློབ་ཁྲིད་ཡག་པོ་བྱས་ནས་ཁོང་ཚོ་འཚར་ལོངས་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་ཁོང་གིས་བཤད།

    སྐད་བརྡ་མ་འཕྲོད་པ་དེ་སུང་ཡུས་ཀང་གིས་སེལ་དགོས་པའི་འགག་གནད་དང་པོར་གྱུར། ཕྲུ་གུ་ཚོ་དང་མཉམ་དུ་སྡོད་སྐབས་ཁོང་གིས་ཕྲུ་གུ་ཚོའི་སྐད་ཆའི་སྒྲ་གདངས་ལ་དོ་སྣང་བྱེད་པ་དང་། ཉལ་ཁང་དུ་ལོག་རྗེས་སློབ་སྦྱོང་གི་དཔྱད་གཞིར་བལྟས་ནས་རང་སྦྱོང་བྱེད་པ། ཁྱིམ་བདག་དང་སྤེལ་རེས་བྱེད་སྐབས་བོད་སྐད་ཤོད་གང་ཐུབ་བྱེད་པ་དང་འབྲེལ་ཕ་རོལ་པོར་ཡོ་བསྲང་བྱེད་རོགས་ཞུ་གི་ཡོད། ལག་ལེན་ཐེངས་མང་བྱས་པ་ལས་ཁོང་གི་བོད་སྐད་ཀྱི་ཆུ་ཚད་ལེགས་སུ་ཕྱིན་པ་མ་ཟད། ཕྲུ་གུ་ཚོ་དང་བརྩེ་དུང་ཡང་ཟབ་ཏུ་ཕྱིན་ཡོད།

    ཐེངས་ཤིག་སློབ་གྲྭ་གྲོལ་ནས་ཕྲུ་གུ་ཚོ་སློབ་གྲྭའི་སྒོ་ཁར་སྐྱེལ་སྐབས“ངེས་པར་དུ་དགེ་རྒན་གྱི་ཁ་ལ་ཉན་དགོས། ཁྱོད་ཀྱིས་ལྟོས་དང་། རྒན་སུང་ལགས་ཀྱིས་སློབ་སྦྱོང་ལ་འབད་བརྩོན་ཇི་ཙམ་བྱེད་ཀྱི་མི་འདུག་གམ། ཁྱོད་ཀྱིས་ཀྱང་འབད་བརྩོན་བྱེད་དགོས”ཞེས་ཁྱིམ་བདག་གིས་བཤད་པའི་སྐད་ཆ་དེ་ཐོས་རྗེས། ཁོང་ལ་སེམས་འགུལ་ཚད་མེད་ཐེབས་པ་དང་དུས་མཚམས་དེའི་རིང་འབད་བརྩོན་བྱས་པར་འབྲས་བུ་བཟང་པོ་ཐོབ་པ་ཚོར།

    ད་ཆ་སུང་ཡུས་ཀང་གིས་བོད་སྐད་ནས་ཕྲུ་གུ་ཚོ་དང་སྤེལ་རེས་དང་ཁྱིམ་དུ་འཚམས་འདྲི་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཐུབ་ཀྱི་ཡོད། སུང་ཡུས་ཀང་གིས“ད་ཆ་ཕྱོགས་ཁག་གི་ཆ་རྐྱེན་ང་འདིར་ཐོག་མར་སླེབས་པའི་དུས་དང་བསྡུར་ན་ལེགས་སུ་ཆེན་པོ་ཕྱིན་པ་དང་དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་ཀྱང་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད། ངས་དེ་བས་རང་འགན་གཙང་སྒྲུབ་བྱས་ནས་གངས་ལྗོངས་ས་མཐོའི་སློབ་གསོའི་བྱ་གཞག་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བཤད།

    སློབ་གྲྭའི་ནང་སུང་ཡུས་ཀང་གིས་ཕ་ལྟར་ཕྲུ་གུ་ཚོར་སེམས་ཁུར་བྱེད་ཀྱི་ཡོད། གྲང་ངར་ཆེ་བའི་དགུན་དུས་ཀྱི་མཚན་མོ་ཞིག་ལ་སློབ་མ་ཞིག་ཆམ་པ་བརྒྱབ་ནས་ཚ་བ་རྒྱས་པས། ཁོང་གིས་སེམས་འཚབ་ཆེན་པོས་གྲང་རླུང་ལའང་མི་ལྟོས་པར་ཕྲུ་གུ་སྒལ་པར་འཁུར་ནས་ཤང་འཕྲོད་བསྟེན་ཁང་གི་ཕྱོགས་སུ་རྒྱུགས། ཕྲུ་གུར་སྨན་བཅོས་ཡག་པོ་བྱུང་རྗེས་སུང་ཡུས་ཀང་གཞི་ནས་སེམས་པ་ལྷོད་ལ་བབས།

    སུང་ཡུས་ཀང་གིས་ཁྱིམ་དུ་ཆམ་པའི་སྨན་དང་གཉན་ཁ་འཇོམས་སྨན་གྲ་སྒྲིག་བྱས་ཡོད་པ་དེ་དག་ཚང་མ་ནི་ཁོང་རང་ཉིད་ཀྱིས་དངུལ་བཏང་ནས་སློབ་མ་ཚོར་ཉོས་པ་ཞིག་རེད། ཁོང་གིས“དེ་གར་ཉིན་དང་མཚན་མོའི་དྲོད་ཚད་ཧེ་བག་ཆེ་བ་དང་ལོ་ལྟར་ལྷགས་པ་ལྡང་ཆེ་བས་ཕྲུ་གུ་ཚོར་ཆམ་པ་ཕོག་སླ་པོ་ཡོད”ཅེས་བཤད།

    ཁོང་གིས་འཛིན་གྲྭའི་གྱང་ཐོག་ཏུ“ཁྱེད་ཀྱི་མ་འོངས་པའི་ཕུགས་བསམ་སྐོར་གླེང་དང”ཞེས་པའི་ཆེད་སྒྲིག་ལེ་ཚན་ཞིག་ཡོད་པ་དེའི་ཐོག་ཕྲུ་གུ་མང་པོ་ཞིག་གིས་གདམ་ག་བྱས་པའི་འབྱུང་འགྱུར་གྱི་ལས་རིགས་ནི་དགེ་རྒན་ཡིན་ཞིང་། ཕྲུ་གུ་ཞིག་གིས“ང་རྒན་སུང་ལགས་དང་འདྲ་བའི་དགེ་རྒན་བཟང་པོ་ཞིག་བྱེད་ཀྱི་ཡིན”ཞེས་བྲིས་ཡོད།

    ཕྲུ་གུ་ལ་ལའི་ཕུགས་བསམ་མངོན་འགྱུར་བྱུང་ཡོད། ཐེངས་ཤིག་སུང་ཡུས་ཀང་ནམ་རྒྱུན་དང་འདྲ་བར་སློབ་གྲྭའི་སྒོ་ཁར་སློབ་ཕྲུག་ཚོ་སྐྱེལ་སྐབས། གློ་བུར་དུ“རྒན་སུང་ལགས”ཞེས་འབོད་པ་ཐོས། ཁོང་གིས་དེའི་ཕྱོགས་སུ་ལྟ་སྐབས་གཞོན་ནུ་མ་ཞིག་མཐོང་།

    བུ་མོ་དེ་ནི་ཁོང་གིས་དེ་སྔ་སློབ་ཁྲིད་བྱེད་མྱོང་བའི་སློབ་མ་ཡེ་ཤེས་སྒྲོལ་མ་ཡིན་པ་རེད། “རྒན་ལགས། ང་ད་ལྟ་ནག་ཆུར་དགེ་རྒན་བྱེད་ཀྱི་ཡོད། ལོ་དེ་དག་རིང་ཁྱེད་ཀྱིས་སློབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་དགེ་རྒན་ཡག་པོ་ཞིག་བྱེད་ཀྱི་ཡིན”ཞེས་ཡེ་ཤེས་སྒྲོལ་མས་དེ་སྔའི་དགེ་རྒན་ལ་ལྟ་བཞིན་བབ་བརླིང་ལྡན་པའི་ངང་བཤད།

    སྐབས་དེར་སུང་ཡུས་ཀང་གི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།