དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ངའི་སྙིང་ཁོང་གི་སྐར་མ་འོད་ཆེན།

    བསྟན་འཛིན་སྒྲོལ་དཀར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-06

    སྐྱ་རེངས་བུ་མོའི་འཛུམ་ཟེར་མཁའ་ནས་རྒྱས་ཤིང་། ཀུན་གསལ་ནམ་མཁའི་དབྱིངས་སུ་གསེར་མདོག་གི་ཉི་འོད་དལ་གྱིས་འཕགས་པ་ན། བདག་གི་མ་ལོས་བཞོ་ཟེའུ་ལག་ཏུ་བཟུང་ནས་རྡང་ཁུག་ཏུ་སོང་སྟེ་འབྲི་མོ་བཞོ་བར་རྩོམ། འདི་ནི་བདག་གི་མ་ལོའི་ནམ་རྒྱུན་གྱི་ལས་ཀ་སྟེ། མི་ཚེ་ཡི་མགོ་རྩོམ་ས་ཡིན་ལ་མཇུག་བསྡུ་སའང་ཡིན་ངེས།

    ཨ་མ་ལགས། ཁྱེད་ཀྱིས་དུས་བཞིའི་འགྱུར་བག་དང་ཉིན་མཚན་གྱི་དབྱེ་བ་ལ་མ་འཛེམས་པར་བྱ་བ་ཡོད་ཚད་རྒྱབ་ཏུ་ཁུར་ནས། སེན་རྩ་ཁྲག་དང་སེན་མགོ་རྣག་བྱས་ནས་ད་བར་དུ་ང་ཚོ་གཉོར་ནས་འོང་།

    ཨ་མ་ལགས། ཁྱེད་ཀྱི་གསུང་འཇམ་གྱི་སྐད་ཆ་རེ་རེ་ནི་ངེད་མིང་སྲིང་ཚོའི་བསླབ་བྱ་ཡིན་ལ། ཁྱེད་ཀྱི་སྙིང་གཏམ་དང་དགོད་སྒྲ་རེ་རེའི་ཁྲོད་ན་བྱམས་བརྩེ་ཡི་དྲོད་ཁོལ་ལྷོག་ལྷོག་ཏུ་གདུ་བས། ང་རང་ཁྱེད་ཀྱི་བསྐྲུན་པའི་བདེ་སྐྱིད་ཀྱི་འཚོ་བའི་ཀློང་ནས་འཇིགས་མེད་སྤྲོ་དགའ་དང་ནད་མེད་བདེ་ཐང་ངང་གཉོམ་ལག་རྒྱས།

    ཨ་མ་ལགས། ཁྱེད་ཀྱི་སྐར་ཆེན་ལྟ་བུའི་མིག་ཟུང་དང་སྤྲོ་དགའི་འཛུམ་ཞལ་རེ་རེའི་ཁྲོད་ནས་ཁྱེད་ནི་བྱམས་སེམས་ཅན་གྱི་བདག་མོ་ཞིག་དང་ལྷག་བསམ་གངས་རི་ལས་དཀར་བའི་འབྲོག་པའི་བུ་མོ་གཞུང་དྲང་ཞིག་ཡིན་པ་ཤེས་ཐུབ། ཡིན་ནའང་། ཨ་མ་ལགས། སྐྱིད་སྡུག་འདྲེས་མའི་མི་ཚེའི་འཕྲང་ལམ་ཁྲོད་དུ། ཁྱེད་ཀྱི་སྨྱུག་མའི་མདའ་བཞིན་དྲང་བའི་ལུས་པོ་རིམ་བཞིན་སྒུར་གྱིན་འདུག་ལ། གནག་སྣུམ་གྱི་སྐྲ་ལོར་ཡང་དུས་ཀྱི་ཁ་བ་འབབ་ཀྱིན་འདུག སེམས་ཁུར་གྱིས་བསུས་པའི་ཀྱག་ཀྱོག་གི་ལམ་ཕྲན་ཁྲོད། ཁྱེད་ཀྱི་དཔྲལ་བའི་གཉེར་མ་ཇེ་མང་ཡིན་ལ། དུང་སོ་སུམ་ཅུའི་གྲལ་ཤལ་ལའང་ཆག་སྐྱོན་ཤོར་ལ་ཉེ། ཨ་མ་ལགས། ནམ་ཞིག་གི་ཚེ་ན། འབྱུང་བཞིའི་འགྱུར་བ་ཇི་བཞིན་མི་རྟག་པའི་འཇིག་རྟེན་འདི་ནས་ཁྱེད་ཀྱི་བརྗིད་ཉམས་ཀྱི་ཚེ་སྲོག་དེ་ལའང་འཇིགས་ཉེན་འཕྲད།

    ཨ་མ་ལགས། ཁྱེད་ནི་འཇིག་རྟེན་འདིའི་སྟེང་གི་ཆེས་རླབས་ཆེན་ཞིག་དང་། ཆེས་གཟི་བརྗིད་ལྡན་པའི་བུད་མེད་ཅིག་ཡིན་ཞེས་བརྗོད་མི་ནུས་ནའང་། ཁྱེད་ནི་གོ་ལ་འདིའི་གྲུ་ཟུར་ཞིག་ན་གནས་པའི་མཐོ་སྒང་གི་ཡུལ་གྲུ་འདིའི་ལྷག་བསམ་གངས་རིའི་མདངས་ལ་འགྲན་པའི་ཨ་མའི་ཁྲོད་ཀྱི་ཆེས་ཕུལ་བྱུང་ཞིག་ཡིན་ལ། བྱམས་བརྩེ་ཡི་དྲོད་ཁོལ་འཛད་མེད་དུ་གནང་བའི་ཨ་མ་ཞིག་ཡིན་ཅེས་བརྗོད་ན་ཅི་ལ་མི་ཆོག ཨ་མ་ལགས། བུ་ཕྲུག་གི་སྙིང་ཁོང་དུ་སྐར་མ་འོད་ཆེན་བཞིན་ལྷམ་མེར་འཚེར་བའི་བདག་གི་སྐྱབས་མགོན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།