མི་གཅིག་ལ་ལྟ་སྟངས་གཉིས།
འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཞེས་པ་ལྟར། ཨ་ནེ་དང་རྨོ་བོ་གཉིས་ཀྱིས་བུ་བསམ་གྲུབ་ལ་འཛིན་པའི་ལྟ་སྟངས་གཏན་ནས་འདྲ་ཡི་མེད།
བུ་བསམ་གྲུབ་ཨ་ནེའི་ནང་ལ་ཕྱིན་ན། ཨ་ནེས། བུ་དེ་ལྟ་བུ་གང་དུ་འཚོལ་བར་འགྲོ ལོ་ན་ཆུང་ཆུང་ཡིན་ཡང་རྒན་རབས་ལ་གུས་ཞབས་ཆེ་བ། ལག་ཏུ་བཟའ་རྒྱུ་གང་ཡོད་ན། ག་དུས་ཡིན་ཡང་གཞན་ལ་བགོ་བཤའ་བརྒྱབ་ནས་སྟེར་གྱི་ཡོད་ཅེས་པ་སོགས་བསྟོད་བསྔགས་ཁོ་ན་གཏོང་གི་ཡོད། ཡང་བུ་བསམ་གྲུབ་རྨོ་བོའི་ནང་ལ་ཕྱིན་ན་མི་ངན་ཞིག་ཏུ་གྱུར་བཞིན་ཡོད་དེ། རྨོ་བོའི་ཁྱིམ་གྱི་སྒོ་འཛུལ་མ་ཐག་རྨོ་བོས། མི་ཐོད་དཀར་ཁོ་སླེབས་བྱུང་བས། དེ་རིང་ཡང་། ཁོས་ལས་ངན་གང་ཞིག་བྱེད་པར་ཡོང་ངམ་ཞེས་མི་ངན་ཞིག་ལ་བརྩིས་ནས་དམའ་འབེབས་གཏོང་གི་ཡོད།
རྨོ་བོས། ཕྲུ་གུ་དེས་ཞྭ་མོ་གསེག་ལ་གྱོན། སྐེ་རགས་ཡག་པོ་མ་བཅིངས་པར་འཕྱང་འཕྱང་འཕྲུལ་འཕྲུལ་དུ་བཞག སྣ་ལ་སྣབས་ལུད་ཀྱིས་ཁེངས་ཡོད་ཀྱང་། འཕྱིད་ཙམ་ཡང་མི་བྱེད་པར་གང་སར་སྣང་མེད་དུ་འགྲོ་ལུགས་དེར་ལྟོས་དང་ཞེས་སྨད་ར་བཏང་།
རྨོ་བོ་དང་ཨ་ནེ་གཉིས་ཀྱིས་བུ་བསམ་གྲུབ་ལ་ལྟ་སྟངས་མི་འདྲ་བ་དེ་འདྲ་འཛིན་དོན་གང་ཡིན།
ཨ་ནེས་ཁོ་པར་བསྟོད་པ་ཇི་ཙམ་བཏང་ན་ཁོའི་བསམ་སྦྱོར་དེ་ཙམ་གྱིས་ལེགས་སུ་འགྲོ་བཞིན་ཡོད་པས། ཨ་ནེའི་ཁྱིམ་ལ་བུ་བསམ་གྲུབ་སླེབས་ཚེ། ཁོ་པ་ནི་ནམ་ཡང་ཕྲུ་གུ་ཡག་པོ་ཞིག་ཡིན་པ་དང་། རྨོ་བོའི་ནང་ལ་སླེབས་ཚེ་རྨོ་བོས་སྨད་ར་ཇི་ཙམ་བཏང་བ་དེ་ཙམ་གྱིས་བུ་བསམ་གྲུབ་ཀྱི་གཤིས་སྤྱོད་ཇེ་རྩུབ་ཏུ་འགྲོ་བཞིན་ཡོད་པས། རྨོ་བོའི་མིག་ནང་བུ་བསམ་གྲུབ་ནི་ཕྲུ་གུ་སྤྱོད་ཉེས་ཤིག་ཡིན།
ལོ་ཆུང་བྱིས་པ་ཚོས་རང་འཚོ་སའི་ཁོར་ཡུག་ཁྲོད་ཀྱི་མི་ཡིས་རང་ལ་གདེང་འཇོག་གང་འདྲ་ཞིག་བྱེད་མིན་ལ་ལྟ་ཡི་ཡོད། ལྷག་པར་དུ། ཕ་མས་རང་ལ་གདེང་འཇོག་གང་འདྲ་བྱེད་ཀྱི་ཡོད་མེད་དེ་ཕ་མའི་གཏམ་བརྗོད་ཀྱི་སྐད་ཆ་ཚིག་ཁ་ཤས་དང་། ཡང་ན། ཕ་མའི་མིག་གི་ལྟ་སྟངས་བཅས་ལས་ཕྲུ་གུ་དེའི་མི་ཚེ་གཅིག་རིང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱི་ཡོད་པ་རེད།