ལྷ་ས་རྒྱང་ཆེན་སྒྱུ་རྩལ་ཚོགས་པའི་བུ་ཆུང་དང་བདེ་སྐྱིད་སྒྲོལ་དཀར་གྱིས་བརྗོད་དོན།
དགའ་ཞེན་གཅིག་མཚུངས་ཡིན་པས་ང་གཉིས་དབར་ལས་འཕྲོའི་མདུད་པ་ཐེབས་སོང་།
འདི་ནི་ལྷ་ས་རྒྱང་ཆེན་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་བུ་ཆུང་དང་བདེ་སྐྱིད་སྒྲོལ་དཀར་གཉིས་ལས་སྒོའི་སྐོར་སྤེལ་རེས་བགྲོ་གླེང་བྱེད་བཞིན་པ།
ཉེ་ཆར་གསར་འགོད་པ་ལྷ་ས་རྒྱང་ཆེན་སྒྱུ་རྩལ་ཚོགས་པའི་ནང་སྦྱོང་ཚོམས་ཆེན་དུ་སྐྱོད་སྐབས། འཁྲབ་སྟོན་པ་ཚོས་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་རིག་རྩལ་འཁྲབ་སྟོན་གྱི་གྲ་སྒྲིག་བྱེད་བཞིན་འདུག
བུ་ཆུང་ནི་ལྷ་ས་རྒྱང་ཆེན་སྒྱུ་རྩལ་ཚོགས་པའི“80ནང་སྐྱེས”ཀྱི་འཁྲབ་སྟོན་པ་ཞིག་རེད། ཁོང་གིས་གསར་འགོད་པར“ང་འདི་གར་ལས་ཀ་བྱས་ནས་ལོ་16ཕྱིན་སོང་། འཁྲབ་སྟོན་པ་རྒན་གྲས་ཤིག་ཡིན་ཟེར་ཆོག ད་ཆ་ཚོགས་པའི་འཁྲབ་སྟོན་པ་མང་ཆེ་བ་ནི‘90ནང་སྐྱེས’དང‘00ནང་སྐྱེས’ཡིན་མོད། འོན་ཀྱང་ང་ཚོར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་ཞབས་བྲོ་དང་། གླུ་དབྱངས། རོལ་ཆ། འཁྲབ་སྟོན་བཅས་ལ་དགའ་ཞེན་ཆེན་པོ་ཡོད། དེ་བས་སྒྱུ་རྩལ་ཚོགས་པར་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།
ཞབས་བྲོ་འཁྲབ་ཤེས་པ་དང་གླིང་བུ་གཏོང་ཤེས་པ་མ་ཟད། ད་དུང་དགོད་བྲོའི་འཁྲབ་ཚན་ཐུང་ངུ་ཡང་འཁྲབ་ཤེས་པས། ཚང་མའི་མིག་ནང་བུ་ཆུང་ནི་ཤེས་ཡོན་སྣ་འཛོམས་ཀྱི་འཁྲབ་སྟོན་པ་ཞིག་རེད། སྒྱུ་རྩལ་ཚོགས་པར་ཐོག་མར་ཡོང་བའི་བསམ་འདུན་སྐོར་འདྲི་སྐབས། བུ་ཆུང་གིས་དགའ་ཞེན་རང་ཡིན་ཞེས་བཤད། ལྷ་ས་རྒྱང་ཆེན་སྒྱུ་རྩལ་ཚོགས་པ་ནི་ལྷ་ས་རྒྱང་ཆེན་འཛུགས་སྐྲུན་རྒྱུ་ཆ་ཚད་ཡོད་འགན་འཁྲི་ཀུང་སིའི་ཁོངས་སུ་གཏོགས་པ་དང་། ལས་ཞུགས་ཀྱི་གནད་དོན་ཐག་གཅོད་དང་སྒྱུ་རྩལ་ལ་མཁས་པའི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ཚོའི་གར་སྟེགས་ཀྱི་ཕུགས་འདུན་མངོན་འགྱུར་བྱ་ཆེད། 2005ལོར་ལྷ་ས་རྒྱང་ཆེན་འཛུགས་སྐྲུན་རྒྱུ་ཆ་ཚད་ཡོད་འགན་འཁྲི་ཀུང་སིས་ལྷ་ས་རྒྱང་ཆེན་སྒྱུ་རྩལ་ཚོགས་པ་དངོས་སུ་བཙུགས་པ་རེད། ལྷ་ས་རྒྱང་ཆེན་སྒྱུ་རྩལ་ཚོགས་པ་བཙུགས་ནས་ལོ་ཁ་ཤས་སོང་རྗེས་བུ་ཆུང་ཡང་དེར་ཞུགས་ཤིང་། ཁོང་གིས“དེ་གར་ཆེད་ལས་དགེ་རྒན་གྱིས་ང་ཚོར་རོལ་ཆ་དང་། ཞབས་བྲོ། འཁྲབ་ཚན་ཐུང་ངུ་སོགས་སློབ་ཀྱི་ཡོད། ང་འཁྲབ་ཚན་ཐུང་ངུ་འཁྲབ་དགའ་པོ་ཡོད། གང་ཡིན་ཟེར་ན། འཁྲབ་ཚན་ཐུང་ངུས་ལྟད་མོ་བ་ཚོར་སྤྲོ་སྣང་སྦྱིན་ཐུབ་པས་ཡིན། ལྟད་མོ་བ་ཚོ་གད་མོ་ཤོར་བ་མཐོང་སྐབས་ང་རང་སེམས་སྐྱིད་པོ་འདུག”ཅེས་བཤད།
བུ་ཆུང་གིས་ངའི་མི་ཚེའི་བདེ་སྐྱིད་ལྡན་པའི་བྱ་བ་གཞན་ཞིག་ནི་བཟའ་ཟླ་བདེ་སྐྱིད་སྒྲོལ་དཀར་ངོ་ཤེས་པ་དེ་ཡིན་ཞེས་བཤད།
“80ནང་སྐྱེས”ཀྱི་འཁྲབ་སྟོན་པ་བདེ་སྐྱིད་སྒྲོལ་དཀར་ཞབས་བྲོ་འཁྲབ་པ་དང་པི་ཝང་རྒྱུད་གཉིས་མ་དཀྲོལ་དགའ་པོ་ཡོད། བུ་ཆུང་གིས་ཐོག་མར་བདེ་སྐྱིད་སྒྲོལ་དཀར་ངོ་ཤེས་སྐབས། ཁོ་མོས་འཁྲབ་པའི་ཞོ་དཀྲོག་པའི་ཞབས་བྲོ་ལས་ངའི་ཡིད་དབང་རབ་ཏུ་འཕྲོག་སོང་ཞེས་བཤད།
ཕྱིས་སུ་བུ་ཆུང་དང་བདེ་སྐྱིད་སྒྲོལ་དཀར་གཉིས་རྟག་པར་མཉམ་དུ་རོལ་ཆའི་སློབ་ཚན་འཚོག་གི་ཡོད། གྲོང་གསེབ་ཏུ་འཁྲབ་སྟོན་བྱེད་པར་སྐྱོད་སྐབས་རིམ་བཞིན་ཁོང་གཉིས་པོའི་དབར་ཐུན་མོང་གི་སྐད་ཆ་མང་པོ་བྱུང་ནས་གཉིས་ཀ་སྒྱུ་རྩལ་ལ་དགའ་ཞེན་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད།
ཡུད་ཙམ་ཞིག་ལ་ལོ་བཅུ་གྲངས་འདས་ཟིན་ཡང་། བུ་ཆུང་དང་བདེ་སྐྱིད་སྒྲོལ་དཀར་གཉིས་སྔར་བཞིན་ཕན་ཚུན་བརྩེ་བ་ཟབ་པ་མ་ཟད། ད་དུང་རྟག་ཏུ་མཉམ་དུ་གོམ་གསུམ་ཞབས་བྲོ་འཁྲབ་ཀྱི་ཡོད། དེ་ནི་ཁོང་གཉིས་པོས་བརྩེ་དུང་ལ་བཅངས་པའི་ཆེས་འཆར་ཡན་གྱི་མཚོན་སྟངས་ཤིག་རེད།
སླད་ཕྱིན་གྱི་འཆར་གཞིའི་སྐོར་གླེང་སྐབས། བུ་ཆུང་དང་བདེ་སྐྱིད་སྒྲོལ་དཀར་གཉིས་པོས་གཟུགས་པོ་ཐང་པོ་བྱུང་ན་རིག་རྩལ་ལས་དོན་མུ་མཐུད་ཡག་པོ་སྒྲུབ་འདོད་ཡོད། གང་ལྟར་རང་ཉིད་ཀྱིས་དགའ་པོ་བྱེད་པའི་བྱ་བ་བསྒྲུབ་རྒྱུ་བྱུང་ན་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད།