ལྷ་སའི་བར་སྐོར་གནའ་གྲོང་གིས།
མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱས་ནས་དུས་རབས་ཀྱི་ཉམས་འགྱུར་གསར་པ་མངོན་པར་བྱས་པ།
བར་སྐོར་གནའ་གྲོང་ལ་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། མིག་སྔའི་བར། བར་སྐོར་གནའ་གྲོང་དུ་གནའ་བོའི་སྒོ་ར་ཆེན་པོ་ཁྱོན་56དང་། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་8 རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་10བཅས་ཡོད། ལྷ་སའི་བར་སྐོར་དུ་སྐྱོད་སྐབས། གནའ་བའི་བཟོ་བཀོད་རེ་རེ་ལས་ལོ་རྒྱུས་ཀྱི་འཕོ་འགྱུར་ཚོར་ཐུབ་པ་མ་ཟད། ད་དུང་རྒྱུན་འཛིན་གང་ལེགས་ཐུབ་པའི་བོད་ཀྱི་གནའ་བོའི་རིག་གནས་ཀྱི་གསོན་ཤུགས་གསར་པ་ཡང་ཚོར་ཐུབ།
ལྷ་སའི་བར་སྐོར་དུ་སྐྱོད་སྐབས། ཉེ་འཁོར་གྱི་ཐུན་མོང་མ་ཡིན་པའི་བོད་བཟོའི་ཁང་པ་དང་། ཁྲ་ཆིལ་དགུ་ཆིལ་གྱི་དམངས་སྲོལ་ཚོང་ཟོག འགྲོ་འོང་རྒྱུན་ཆད་མེད་པའི་ཡུལ་སྐོར་བ་བཅས་ལས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་འདི་གྲུབ་ཡོད། ཚོང་ལས་དང་མི་ཆོས་རིག་གནས་མཉམ་གནས་དང་། སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་གཏིང་ཟབ་བྱུང་བས། ད་ཆའི་བར་སྐོར་ཁྲོམ་གཞུང་འདི་ནི་མི་རིགས་ཀྱི་ཁྱད་ཆོས་དང་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པའི་སྲོལ་རྒྱུན་རིག་གནས་ཀྱི་ཁྲོམ་གཞུང་ཞིག་ཏུ་གྱུར་ཡོད།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བར་སྐོར་དུ་སྲོལ་རྒྱུན་གྱི་རྣམ་པ་དང་སྔར་བཞིན་འཁྲུག་ཆ་དོད་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དེ་ནི་འབྲེལ་ཡོད་སྡེ་ཚན་གྱིས་གནའ་གྲོང་སྲུང་སྐྱོང་ལ་མཐོང་ཆེན་དང་མ་འཇོག་གནང་བ་དང་ཁ་འབྲལ་ཐབས་མེད། དེ་ཡང་འབྲེལ་ཡོད་སྡེ་ཚན་གྱིས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས། སྤྱི་དམངས་ཀྱིས་ཀྱང་གནའ་བོའི་བཟོ་བཀོད་སྲུང་སྐྱོང་བྱེད་པའི་ཐད་ངོས་འཛིན་དང་རྒྱུས་མངའ་དེ་བས་ཟབ་པ་བྱུང་ཡོད་ལ། ད་དུང་གནའ་བོའི་བཟོ་བཀོད་ལ་སྲུང་སྐྱོང་བྱེད་པའི་མི་རྣམས་ཀྱི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད།
གྲོང་མི་ཚེ་གཡང་གིས། “ངའི་ཁྱིམ་གྱི་མི་རབས་གཉིས་གྲོང་ཁུལ་རྙིང་པའི་ཁྲོམ་གཟིགས་སྒང་སྡེ་ཁུལ་དུ་འཚོ་སྡོད་བྱེད་ཀྱི་ཡོད། དེ་སྔ་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཅུང་རྗེས་ལུས་ཡིན་པས་འགྲོ་སྐྱོད་ཧ་ཅང་སྟབས་བདེ་པོ་མེད། 2012ལོར་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁུལ་རྙིང་པའི་སྲུང་སྐྱོང་ལས་གྲྭ་དངོས་སུ་ལག་ལེན་བསྟར་འགོ་བཙུགས་ནས། སྡེ་ཁུལ་གྱི་ཆུ་འགྲོ་དང་གློག་སྐུད་སོགས་ལེགས་བཅོས་བྱས་པ་རེད། ཉམས་གསོ་དང་། སྲུང་སྐྱོང་། བཅོས་སྒྲིག་བཅས་བྱས་པ་བརྒྱུད། གནའ་བོའི་སྒོ་ར་དེ་བཙོག་ཟིང་ཞན་གསུམ་ནས་གཙང་ཞིང་གྲལ་འགྲིག་པའི་བར་འགྱུར་ལྡོག་བྱུང་ནས་གྲོང་མིའི་འཚོ་བའི་སྤུས་ཚད་ཀྱང་དེ་དང་བསྟུན་ནས་ལེགས་སུ་ཕྱིན་ཡོད”ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱིས“སྲུང་སྐྱོང་གཙོ་བོར་བྱེད་པ་དང་། ཉམས་གསོ་ཇི་མ་ཇི་བཞིན་བྱེད་པ། གནའ་ཉམས་སོར་ཉར་བྱེད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། གནའ་བོའི་བཟོ་བཀོད་ཉམས་གསོ་བྱས་ཡོད་ལ། ཡུལ་སྐོར་ཐོན་ཁུངས་ལ་གཞི་ཚུགས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་བར་སྐོར་གྱི་གནའ་བོའི་སྒོ་ར་ཆེན་པོའི་ལོ་རྒྱུས་ཀྱི་ཉམས་འགྱུར་དང་། རིག་གནས་ཀྱི་ནང་དོན། ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་བཅས་དྲིལ་བསྒྲགས་དང་ཀུན་གྱི་སྤྱན་སྔར་བསྟར་ནས། གནའ་བོའི་བཟོ་བཀོད་དེར་གསོན་ཤུགས་གསར་པ་འཕེལ་བར་བྱས་ཡོད།