རང་བྱུང་མཛེས་ལྗོངས་ལྟ་ན་སྡུག རིག་དངོས་ཤུལ་བཞག་ཕུན་སུམ་ཚོགས།
—— རྒྱ་ཚ་རྫོང་གི་ལོ་ངོ་སྟོང་གི་སྟར་ཀའི་ནགས་ཚལ་དུ་བསྐྱོད་པ།
འདི་ནི་རྒན་རྒོན་ཞིག་གིས་ཕྲུ་གུ་ཁྲིད་ནས་སྟར་སྡོང་གི་བསིལ་གྲིབ་འོག་ཏུ་ངལ་གསོ་རྒྱག་བཞིན་པ།
འདི་ནི་རྒྱ་ཚ་རྫོང་གླིང་མདའ་ཤང་སྐམ་པོ་བྱེ་ཐང་གྲོང་ཚོའི་མངོན་མིན་རིག་གནས་ཤུལ་བཞག་གི་ཤིང་ཕོར་ཡིན་པ།
འདི་ནི་རྒྱ་ཚ་རྫོང་གི་སྟར་སྡོང་ཡིན་པ།
སྟོན་ཟླ་ར་བར་རླངས་འཁོར་བཏང་སྟེ་ལྷོ་ཁ་གྲོང་ཁྱེར་གྱི་ཤར་ལྷོའི་ཕྱོགས་སུ་ཡར་ཀླུང་གཙང་འགྲམ་དེད་ནས་ཉིན་ཕྱེད་མ་ཟིན་ཙམ་བསྐྱོད་ན། གཞོགས་གཉིས་ཀྱི་རི་བོ་ཚང་ཚིང་ནགས་ཀྱིས་བརྒྱན་པ་དང་། གནམ་གཤིས་རིམ་བཞིན་བཞའ་ཚན་ཇེ་ཆེར་དང་ཚ་བ་ཆེ་རུ་སོང་ནས་གསར་འགོད་པ་སྟོད་ཐུང་ཕུད་དགོས་འཁེལ་ཏེ། མོ་ཊའི་སྒེའུ་ཁུང་ཕྱེ་སྐབས་དྲོད་རླུང་ཞིག་ཀྱང་ངང་གིས་ལྡང་འོང་། རུ་སྣེ་ཁྲིད་མཁན་རུ་དཔོན་གྱིས་སྐད་ཤུགས་ཆེན་པོས“ཚང་མ་མཛེས་སྡུག་ལྡན་པའི་ལོ་ངོ་སྟོང་གི་སྟར་ཀའི་ནགས་ཚལ་དུ་གྲགས་པའི་རྒྱ་ཚར་ཕེབས་པར་དགའ་བསུ་ཞུ་གི་ཡིན”ཞེས་བརྗོད།
འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་སྟར་ཀའི་ནགས་ཚལ།
རྒྱ་ཚ་རྫོང་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཤིང་། ཉིང་ཁྲི་གྲོང་ཁྱེར་དང་ཐག་ཉེ་བ་དང་། གནམ་གཤིས་བཞའ་ཚན་ཆེ་སྟབས་རྒྱ་ཚ་རྫོང་གི་རྩྭ་རྩི་ཤིང་ལ་སྐྱེ་འཚར་གྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད། དེའི་ཁྲོད་ནས་སྐད་གྲགས་ཆེ་ཤོས་ནི་རྒྱ་ཚ་རྫོང་གི་ལོ་ངོ་སྟོང་གི་སྟར་སྡོང་རེད། རྒྱ་ཚ་རྫོང་གི་སྟར་སྡོང་འདེབས་འཛུགས་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་30.67ཟིན་པ་དང་མིག་སྔར་སྟར་ཀའི་སྡོང་རྒན་རྐང་3600ལྷག་ཙམ་ཡོད་པ་དག་ངར་རབ་གྲོང་རྡལ་དང་། རྒྱ་ཚ་གྲོང་རྡལ། ལྷ་གསོལ་ཤང་། གླིང་མདའ་ཤང་བཅས་ཀྱི་གྲོང་སྡེ་24ལ་ཁྱབ་ཡོད་པས། ས་མཐོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ནགས་ཚལ་གྱི་མཛེས་ལྗོངས་ཤིག་གྲུབ་ཡོད།
རྒྱ་ཚ་རྫོང་གི་སྟར་སྡོང་ནགས་ཚལ་ལ་2023ལོར“འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་ལོ་ངོ་སྟོང་གི་སྟར་སྡོང་ནགས་ཚལ”གྱི་འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་འདོན་ཐོབ་ནས་རྒྱ་ཚའི་སྟར་ཀ་ཐོན་ལས་ཅན་དང་སྤུས་རྟགས་ཅན་དུ་འགྱུར་བར་སྒུལ་ཤུགས་གསར་པ་བསྣན་ཡོད།
རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་གྱི་གྲོང་མི་ཚོའི་ངོས་ནས་བརྗོད་ན། སྟར་སྡོང་གི་ནགས་ཚལ་ནི་རང་བྱུང་ཁམས་ཆེན་པོས་ཁོང་ཚོར་སྦྱིན་པའི་ལག་རྟགས་ཤིག་ཡིན་པ་དང་སྟར་ཀའི་ནགས་ཚལ་གྱི་སྐྱེ་འཚར་དང་ཁོང་ཚོའི་འཚོ་བའི་དབར་འབྲེལ་བ་དམ་ཟབ་ཡོད། ཉེ་བའི་ལོ་ཤས་རིང་། རྒྱ་ཚ་རྫོང་གིས་སྟར་ཀའི་ནགས་ཚལ་གྱི་དཔལ་འབྱོར་ལ་དམ་པོར་དམིགས་ཏེ་སྟར་ཀའི་ནགས་ཚལ་གྱི་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་བྱས་ནས། 《རྒྱ་ཚ་རྫོང་གི་སྟར་ཀའི་ཐོན་ལས་ཀྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད》བཟོས་པ་དང་། མ་དངུལ་བཏང་སྟེ་སྟར་ཀའི་ལས་སྣོན་ཞིབ་ཚགས་དང་རྒྱས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་པ། སྟར་ཀའི་སྣུམ་སོགས་ལ་ལས་སྣོན་ཞིབ་ཚགས་བྱེད་པའི་སྔོན་ཐོན་ཐོན་སྐྱེད་བྱེད་སྟངས་ནང་འདྲེན་བཅས་བྱས་ནས་སྟར་ཀའི་ཐོན་རྫས་སྣ་མང་ཅན་དང་སྤུས་ཚད་ལེགས་སུ་བཏང་ཡོད།
རྒྱ་ཚ་རྫོང་གིས་ས་གནས་དེ་གའི་གྲོང་མིར་སྟར་སྡོང་གི་རིན་ཐང་དྲིལ་བསྒྲགས་དང་། སྟར་སྡོང་འདེབས་འཛུགས་སྐྱེད་སྲིང་དང་སྲུང་སྐྱོང་བྱེད་ཐབས་ཁྱབ་གདལ་གཏོང་བ། ས་གནས་དེ་གའི་སྟར་སྡོང་དང་འབྲེལ་བ་ཡོད་པའི་ཁེ་ལས་ལ་རོགས་སྐྱོར་ཤུགས་ཆེན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད། མི་རྣམས་ཀྱི་འཚོ་བའང་སྟར་སྡོང་ལ་བརྟེན་ནས་ཕྱུག་པོ་ཆགས་ཡོད། གཞན་ཡང་། རྒྱ་ཚ་རྫོང་གིས་ཚན་རྩལ་བོད་སྐྱོར་གོ་སྐབས་སུ་བྱས་ཏེ་ལྗོངས་ཕྱི་རོལ་ནས་སྐད་གྲགས་ཡོད་པའི་སྟར་ཀའི་ཞིབ་འཇུག་རིགས་གཅིག་མཁས་ཅན་གདན་དྲངས་ཏེ། ད་ཡོད་ཀྱི་སྟར་ཀའི་སོན་བཟང་རྩེ་གྲ་བདམས་པ་དང་འབྲེལ། རྒྱ་ཚའི་སྟར་ཀའི་སོན་དེ་རྒྱལ་ཁབ་ཀྱི་ས་བོན་གྲངས་གཞིའི་མཛོད་ནང་བཅུག་སྟེ་ཐོན་ཞིབ་མཉམ་ལས་བྱེད་ཐབས་ཁྱབ་གདལ་ཧུར་ཐག་གཏོང་རྩིས་ཡོད་པ་རེད།
མངོན་མིན་རིག་གནས་ཀྱི་ཤུལ་བཞག་ཡིན་པའི་ཤིང་ཕོར་གྱི་བཟོ་རྩལ།
སྟར་ཤིང་གིས་བཟོས་པའི་ཤིང་ཕོར་ནི་བོད་རིགས་མང་ཚོགས་ཀྱི་སྤྱོད་རྒྱ་ཆེ་བའི་ཤིང་ཕོར་ཞིག་ཡིན་ཞིང་། བོད་དུ་རྒྱ་ཚའི་ཤིང་ཕོར་ལ་སྐད་གྲགས་ཧ་ཅང་ཆེན་པོ་ཡོད། ཤིང་ཕོར་གྱི་བཟོ་ལྟ་ཇུས་འགོད་དང་། ཤིང་ཆའི་སྤུས་ཚད། ཁུངས་མཐུག་ཚད། དེ་བཞིན་ཕོར་པར་དངུལ་གྱི་ཕྲ་རྒྱན་རྒྱག་པའི་ལག་རྩལ་སོགས་ཀྱིས་ཤིང་ཕོར་གྱི་སྤུས་ཚད་གཏན་འཁེལ་བྱེད་པ་དང་སྤུས་ཚད་ཅུང་ཡག་པའི་ཤིང་ཕོར་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཆོག་གི་ཡོད་པ་རེད། རྒྱ་ཚའི་ཤིང་ཕོར་ནི་རྒྱུ་སྤུས་དག་པ་དང་། སྲ་བ། རི་མོ་མཛེས་པ་བཅས་ཡོད་པའི་དབང་གིས་ཉེ་རིང་གང་སར་སྐད་གྲགས་ཡོད།
རྒྱ་ཚའི་ཤིང་ཕོར་བཟོ་རྩལ་དེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་ཟིན་པ་དང་། 2017ལོར་རྒྱ་ཚ་རྫོང་གླིང་མདའ་ཤང་སྐམ་པོ་བྱེ་ཐང་གྲོང་ཚོའི་གྲོང་མི་བསམ་གྲུབ“གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྐམ་པོ་བྱེ་ཐང་གི་ཤིང་ཕོར་བཟོ་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར”བདམས་པ་རེད།
སྐྱེ་ཁམས་ཞིང་ལས་ཡུལ་སྐོར་ལས་གསོན་ཤུགས་གསར་པ་མངོན་པ།
ཉེ་བའི་ལོ་ཤས་རིང་། རྒྱ་ཚ་རྫོང་གིས་སྟར་ཀའི་ནགས་ཚལ་གྱི་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་ཞིང་ནགས་ཡུལ་སྐོར་མཛེས་ལྗོངས་ཁུལ་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད།
རྒྱ་ཚ་རྫོང་གིས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་ཆེད་དང་། ཡུལ་སྐོར་ལ་བརྟེན་ནས་ས་གནས་དེ་གའི་ཡུལ་མིའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་ཆེད། ར་ཀོ་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ཡུལ་མིས་གྲོང་གསེབ་ཀྱི་ཡུལ་སྐོར་གྱི་དམངས་སྲོལ་གནས་ཚང་དང་མགྲོན་ཁང་སྐྲུན་པར་རོགས་སྐྱོར་དང་སྐུལ་ལྕག་བྱས་ཏེ། སྟར་སྡོང་གི་ཁྱབ་ཚུལ་བརྒྱུད་སྐྱེ་ཁམས་བར་ཁྱམས་བསྐྲུན་ནས་ཡུལ་སྐོར་བ་ཚོར་སོས་དལ་བག་ཕེབས་ཀྱི་ཚོར་སྣང་དང་ཡུལ་སྐོར་གྱི་སྐྱིད་སྣང་འཕེལ་ཐབས་བྱས་པ་རེད།
བོད་ཀྱི་རིག་གནས་ནང་སྟར་སྡོང་ནི་ཚེ་རིང་བ་དང་རླུང་རྟ་དར་བའི་མཚོན་རྟགས་ཤིག་རེད། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་སྟར་སྡོང་དང་རྒྱ་ཚའི་མི་དམངས་རྣམས་ཡུན་རིང་གི་ལོ་ཟླའི་ནང་ཕན་ཚུན་སྐྱོང་རེས་དང་ཐུན་མོང་ཐོག་འཚར་ལོངས་བྱུང་ཞིང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་འབྲེལ་བ་དེ་རིགས་ལས་རྒྱ་ཚ་རྫོང་གི་སྟར་སྡོང་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། རྒྱ་ཚ་རྫོང་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་མགྱོགས་པོ་ཕྱིན་པ། རྒྱ་ཚའི“ལོ་ངོ་སྟོང་གི་སྟར་ཀའི་ཕ་ཡུལ”ཞེས་པའི་མཚན་སྙན་གང་སར་གྲགས་ཐུབ་པ་བཅས་བྱུང་ཡོད།