དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • རང་ལ་གདམས་པའི་བསླབ་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སུ་དྷཱི་དོན་གྲུབ།   |     སྤེལ་དུས།  2024-09-29

    དུས་ཀྱི་གོམ་འགྲོས་གྱི་ལིང་རྟ་དང་འདྲ། །

    འཚོ་བའི་ཆ་རྐྱེན་ཡར་ངོའི་ཟླ་ལ་འགྲན། །

    སྤྱི་ཚོགས་ཁྲོད་ན་འགྲན་རྩོད་མེ་ལྕེ་འབར། །

    རང་གིས་རང་ལ་སློབ་གསོ་གཏོང་རྒྱུ་གཙོ། །


    ཕ་མ་རྒྱང་དུ་བསྐྱུར་ནས་མི་ཡུལ་འགྲིམས། །

    ཕ་ཡུལ་རྒྱབ་ཏུ་བསྐྱུར་བའི་ས་མཐའ་རུ། །

    འཕྲལ་གྱི་སྐྱིད་དང་བདེ་བར་མ་ཆགས་པར། །

    ཕུགས་ཀྱི་སླད་དུ་འབད་བརྩོན་བྱེད་དགོས་སོ། །


    ཉེ་འགྲམ་མི་རྣམས་འདུ་འཛིར་ཆགས་པའི་དུས། །

    རང་ཡང་དེ་དང་ལྷན་དུ་མ་འདུར་བར། །

    གཞན་གྱི་རྗེས་འབྲང་གཡེང་བའི་གཤིས་ངན་དེ། །

    ནམ་ཡང་དམ་འཛིན་མ་བྱེད་གདམས་ངག་ཡིན། །


    རིག་པ་སློབ་དུས་རེ་ཞིག་དཀའ་ན་ཡང་། །

    རིག་པ་མེད་པའི་སྡུག་བསྔལ་ཚེ་གང་ཡོད། །

    སྔོན་བྱོན་མེས་པོའི་དུས་ནས་ད་ལྟའི་བར། །

    དཀའ་སྤྱད་མེད་པར་འབྲས་བཟང་ཐོབ་མཁན་དཀོན། །


    མིང་དུ་གྲགས་པའི་མཁས་པར་མ་གྱུར་ཀྱང་། །

    རང་མགོ་རང་ཐོན་ཐུབ་པའི་འཇོན་ཐང་དགོས། །

    གཞན་གྱི་དཀའ་བ་སེལ་བའི་སྟོབས་མེད་ཀྱང་། །

    རང་གི་བདེ་སྐྱིད་འཚོལ་བའི་ཐབས་ཤིག་དགོས། །


    སྙན་པའི་ཚིག་དང་རྒྱན་ལ་མཁས་པ་ལས། །

    དོན་དངོས་ལག་ལེན་མེད་ན་ནེ་ཙོའི་འདོན། །

    ཕུགས་བསམ་འཇའ་བཞིན་མཚར་སྡུག་ལྡན་ན་ཡང་། །

    རང་གཅུན་དང་ནི་འབད་བརྩོན་མེད་ན་སྐྱོ། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།