མཁའ་དབྱིངས་སུ་འཕྱོ་བའི་གཡུ་འབྲུག་སྔོན་མོ།
—— རྒྱལ་སྟོན་ལ་བསུ་བ་ཞུ།
གནམ་སྔོན་མོ་གཡུ་མཚོའི་མེ་ལོང་གི་ཀློང་ནས། །
འབྲུག་སྔོན་མོས་བཀྲ་ཤིས་གསུང་སྙན་དེ་སྒྲོག་དུས། །
ཡུལ་ཆེན་པོ་ཀྲུང་ཧྭའི་ནོར་འཛིན་གྱི་ཕང་བར། །
རྟགས་རྟེན་འབྲེལ་བདུད་རྩིའི་སྦྲང་ཆར་ཞིག་བབས་བྱུང་། །
ཆར་བདུད་རྩིའི་མུ་ཏིག་དོ་ཤལ་དེ་འཐོར་དུས། །
རི་མཐོན་པོ་ཚང་ཚིང་ནགས་ཚལ་གྱིས་བརྒྱན་སོང་། །
ཡངས་རྩྭ་ཐང་སྔོ་ལྗང་གཡུ་ལོ་དེ་བཀྲ་དུས། །
རྟ་ནོར་ལུག་འཕེལ་ཁ་སྐར་ཚོགས་ལ་འགྲན་སོང་། །
ཁྱིམ་སྦྲ་ནག་གྲུ་བཞིའི་བདག་པོ་ཡི་འབྲོག་པས། །
སྔོ་ལྷོག་ལྷོག་དུ་བ་སྤྲིན་གསར་ལ་འགྲན་ཞོར། །
སྐྱིད་འཚོ་བ་རྫི་གླུའི་དབྱངས་རྟ་ལ་འདྲེན་བཞིན། །
ནང་ཤ་མར་ཐུད་ཀྱི་ལོངས་སྤྱོད་ལ་རོལ་སོང་། །
མཐའ་ཞིང་ཐང་གྲུ་བཞིའི་སོ་ནམ་པ་རྒན་པོས། །
རླབས་ཤིག་ཤིག་སྙེ་མའི་བྲོ་གར་ལ་རོལ་བཞིན། །
གདོང་འཛུམ་པའི་མེ་ཏོག་ལྷུག་པོ་རུ་གྲོལ་ནས། །
འབྲུ་སྣ་ལྔའི་འབྲས་བུས་བང་མཛོད་དེ་བཀང་སོང་། །
ཡུལ་སྐྱིད་པོ་ཕ་ཡུལ་གངས་ཅན་གྱི་ལྗོངས་འདི། །
དྲིན་མེས་རྒྱལ་དྲོ་སྐྱིད་ཕང་བ་རུ་སྐྱིད་པ། །
དཀར་མཇལ་དར་ལག་ཟུང་མཐོན་པོ་ཡིས་བཏེགས་ནས། །
དྲིན་ཉི་མའི་ཕྱོགས་ལ་སྒོ་གསུམ་གྱིས་བསྟོད་དོ། །
དུས་དེང་སང་སྤྱི་ཚོགས་ཡར་ངོ་ཡི་ཟླ་བ། །
སྲིད་དཔལ་འབྱོར་དབུ་འཕང་དགུང་སྔོན་ལ་བསྙེགས་སོང་། །
ནང་མི་རིགས་ལྔ་བཅུ་ང་དྲུག་གི་སྤུན་ཟླ། །
འདང་ཟབ་པ་ཉ་ཆུའི་བརྩེ་སེམས་དང་འདྲ་བྱུང་། །
འདས་ཟིན་པའི་ལོ་ཟླའི་བཤུལ་ལམ་དེ་དྲན་ན། །
དམངས་འཚོ་བ་འཁོས་ཞན་རླུང་ཁ་ཡི་མར་མེ། །
ལུས་རང་དབང་མེད་པ་སྨྲ་ཤེས་ཀྱི་དུད་འགྲོ། །
དོན་དམ་པའི་མི་ཡི་མཚན་ཉིད་ཀྱིས་སྟོངས་སོང་། །
ཕྱི་དགྲ་བོའི་ཧམ་ཤེད་བཙན་འཛུལ་དེ་མང་སོང་། །
ནང་བྱེད་གཏེར་ངོ་ཚ་ཞེ་ཁྲེལ་དེ་མེད་སོང་། །
ཁྱེད་ཏང་གི་ཡང་དག་དབུ་ཁྲིད་ཅིག་མེད་ན། །
དུས་ད་ལྟའི་བདེ་སྐྱིད་འཚོ་བ་ཞིག་མེད་སོང་། །
སྔར་འཚོ་བའི་ཉམ་ཐག་དབུལ་ཕོངས་དེ་དྲན་ན། །
མིག་མཆི་མས་བྲང་ཁ་བར་མེད་དུ་བརླན་འོང་། །
ཁྱེད་ཉི་མའི་དྲོད་ཁོལ་བླ་ལྷག་ཏུ་དྲན་དུས། །
དུས་ད་ལྟའི་འཚོ་བར་གཅེས་འཛིན་གྱིས་རོལ་འདོད། །
རླབས་ཆེ་བའི་ཀྲུང་གོའི་ཕུགས་འདུན་གྱི་སླད་དུ། །
ཡུམ་དྲིན་ཆེན་ཏང་གི་དྲོད་ཁོལ་གྱི་འོག་ཏུ། །
ཁྱིམ་དྲོན་མོ་ཀྲུང་ཧྭའི་མཛེས་སྡུག་དེ་སེམས་བཞིན། །
ངེད་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་འབད་དགོས། །
དགུང་ལྷ་ལམ་ཡངས་མོར་གཡུ་འབྲུག་བཞིན་ལྡིར་བའི། །
ངེད་ཀྲུང་གོའི་འབོད་སྒྲས་གནམ་ས་ཡང་འགུལ་བྱུང་། །
བཀྲ་ཤིས་པའི་མེས་རྒྱལ་འཁྲུངས་སྐར་གྱི་ཉིན་མོར། །
གཞས་ཞབས་བྲོའི་མཆོད་པས་རྟེན་འབྲེལ་དེ་སྒྲིག་ཤོག །