བསོད་ནམས་དང་ཤོན་གྱི་རྒྱུན་འཛིན་པ་ཨ་ཕྱི་སྒྲོལ་དཀར་དབར་གྱི་ལས་འབྲེལ།
འདི་ནི་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཤོན་གྱི་རྒྱུན་འཛིན་པ་རིག་འཛིན་དབང་མོས(གཡས་ཀྱི་དང་པོ)དགེ་ཕྲུག་ཚོར་ཤོན་སློབ་བཞིན་པ།
མངའ་རིས་བས་ཨ་ཕྱི་སྒྲོལ་དཀར་དུ་འབོད་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཁོང་2021ལོའི་ཟླ་11ཚེས་25ཉིན་ཕ་ཡུལ་རྩྭ་མདར་ཚེ་ཡི་འཕེན་པ་རྫོགས་ཤིང་། སྐུ་གཤེགས་དུས་དགུང་ལོ་90ལ་ཕེབས་ཀྱི་ཡོད། ཨ་ཕྱི་སྒྲོལ་དཀར་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ཁོངས་ཀྱི་ཤོན(གུ་གེའི་ཤོན)གྱི་ཚབ་མཚོན་རྒྱུན་འཛིན་པ་ཞིག་རེད།
བཀྲ་མ་ཤིས་པའི་གཏམ་ངན་འདི་ཐོས་རྗེས། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས)གི་ཡོངས་བཤེར་སྲུང་སྐྱོབ་པུའུ་ཡི་ཞིབ་འཇུག་ལས་རོགས་པ་བསོད་ནམས་རེ་ཞིག་བསམ་གཞིག་གི་ཀློང་དུ་ཚུད། ཁོང་གི་མིག་ཟུང་རེ་ཞིག་རབ་རིབ་ཏུ་གྱུར་ཞིང་། ཨ་ཕྱི་སྒྲོལ་དཀར་དང་ལྷན་འདུག་ལྷན་གཤིབ་ཀྱི་ལོ་ཟླ་དག་དྲན་པའི་རྟ་ཕོ་དང་འགྲོགས་ནས་མིག་མདུན་དུ་རྒྱུ།
2020ལོའི་ཟླ་བ་4པར། བསོད་ནམས་ཀྱིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་ཀའི་རྣམ་གྲངས་ཚོགས་པའི་རིག་གཞུང་ཆེད་མངགས་པའི་བརྟུལ་ཞུགས་བཟུང་ནས། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་དུ་བསྐྱོད་དེ། ཨ་ཕྱི་སྒྲོལ་དཀར་གྱི་གམ་ནས་དུས་ཡུན་ཉིན་20ཡི་རིང་ལ་གྲངས་གཞི་ཅན་གྱི་ཆ་འཕྲིན་མྱུར་སྐྱོབ་ཀྱི་ཐོ་འགོད་ལས་དོན་སྤེལ།
བཅར་འདྲིའི་ལས་དོན་མཇུག་མ་འགྲིལ་གོང་། ཨ་ཕྱི་སྒྲོལ་དཀར་གྱི་མིག་མཐར་མཆི་ཞག་རང་དབང་མེད་པར་འཁོར་བ་དང་། ཁོང་གིས་བསོད་ནམས་ཀྱི་ལག་པར་འཇུས་ནས། “གཅིག་བྱས་ན་འདི་ནི་ང་ཚོའི་མཐའ་མའི་ཐུག་འཕྲད་དེ་ཡིན་སྲིད”ཅེས་གསུངས།
བསོད་ནམས་ཀྱིས་ང་ཚོ་ཕན་ཚུན་གྱེས་ཁའི་ཉིན་དེ་ནི་ཁ་སང་ཡིན་པ་ལྟར་རེད། བསམ་ཡུལ་ལས་འདས་པ་ཞིག་ལ་དེ་ནི་ང་ཚོའི་མཐའ་མའི་ཐུག་འཕྲད་དུ་གྱུར། སྟབས་ལེགས་པ་ཞིག་ནི་ང་ཚོས་སྒྱུ་རྩལ་པ་རྒན་གྲས་དེའི་གམ་ནས་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་དོན་དུས་ཐོག་ཏུ་ལེགས་གྲུབ་ཐུབ་སོང་ཞེས་བརྗོད།
2015ལོར། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་ནས་རོལ་དབྱངས་རིག་པའི་རབ་འབྱམས་པའི་སློབ་གནས་རག་པའི་བསོད་ནམས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི《ཕ་ཡུལ》ཞེས་པའི་ལེ་ཚན་གྱི་གདན་ཞུས་ལྟར། ཨ་ཕྱི་སྒྲོལ་དཀར་དང་འབྲེལ་བའི་བགྲོ་གླེང་ལེ་ཚན་ཞིག་ལ་ཞུགས། གོ་སྐབས་དེ་དང་བསྟུན་ནས། ཁོང་གིས་གུ་གེའི་ཤོན་གྱི་སྒྱུ་རྩལ་བ་བགྲེས་སོང་ཨ་ཕྱི་སྒྲོལ་དཀར་དང་ཐོག་མར་ཕྲད་པར་མ་ཟད། གུ་གེའི་ཤོན་གྱི་ཞབས་བྲོ་ལའང་དྲང་ཐད་ནས་རྒྱུས་ལོན་ཐུབ་ཡོད།
2015ལོ་ནས་བཟུང་སྟེ། བོད་རང་སྐྱོང་ལྗོངས་རིག་གནས་སྡེ་ཁག་གིས་ལོ་ལྟར་རྒྱལ་ཁབ་རིག་གནས་པུའུ་ལ་ལྗོངས་ཡོངས་ཀྱི་ལོ་60ཡན་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་དོན་སྙན་སེང་ཞུ་ཡི་ཡོད། 2019ལོར། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་དོན་རྣམ་གྲངས་ཐོབ་མཁན་ནི་ཏག་ཏག་གུ་གེའི་ཤོན་གྱི་ཞབས་བྲོའི་རྒྱུན་འཛིན་པ་ཨ་ཕྱི་སྒྲོལ་དཀར་དང་། བོད་ཀྱི་ཐང་གའི(ཆབ་མདོའི་ཀརྨ་སྒར་བྲིས་ལུགས)མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཀརྨ་བདེ་བདེ་ལེགས(དགའ་བདེ)ཡིན་ཞིང་། ལོ་དེ་ལ་བགྲེས་སོང་གཉིས་པོ་དགུང་ལོ་90ལ་ཕེབས་ཉེར་ཡོད།
བསོད་ནམས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཨ་ཕྱི་སྒྲོལ་དཀར་གྱིས་རྒྱུན་འཛིན་བྱས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་གཞུང་དུ་ཚུད་པའི་ཤོན(གུ་གེའི་ཤོན)ནི་དམངས་ཁྲོད་ཀྱི་སྒྱུ་རྩལ་ཞིག་ཡིན་པའི་ཆ་ནས། དེའི་འབྱུང་ཁུངས་ནི་མིག་སྔར་གནའ་བོའི་ཞང་ཞུང་གི་ཤེས་རིག་དུས་སྐབས་སུ་ཁུངས་འདེད་ཆོག་པ་དང་། དེ་ནི་བོན་ཆོས་དང་འབྲེལ་བ་དམ་ཟབ་ཡོད། གུ་གེའི་རྒྱལ་རབས་ཀྱི་དུས་སུ་ཤོན་གྱི་ཞབས་བྲོར་སྔར་བས་འཕེལ་རྒྱས་ཕྱིན་ནས་ད་བར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད།
ཆེད་ལས་ཀྱི་ཞིབ་འཇུག་པ་ཞིག་ཡིན་པའི་ངོས་ནས། བསོད་ནམས་ཀྱིས་ཨ་ཕྱི་སྒྲོལ་དཀར་གྱི་གམ་ནས་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་ཀ་སྒྲུབ་སྐབས་ཀྱི་ཞིབ་ཆ་ཁ་ཤས་རེ་རེ་བཞིན་བགྲང་པ་སྟེ། ཁོང་གིས། “ངག་ཐོག་གི་བརྙན་ཕབ་པར་གཞི་ཕབ་པ་ཁོ་ནར་ཉིན་10དང་། ཐེངས་14 ཐེངས་རེར་ཆུ་ཚོད་1ཙམ་གྱི་དུས་ཚོད་སྤྱད་པ་ཡིན། ངག་ཐོག་གི་ནང་དོན་དག་ཨ་ཕྱི་སྒྲོལ་དཀར་དང་། ཁོང་སྐུ་མས་བུམ་པ་གང་བྱོའི་ཚུལ་དུ་བརྒྱུད་སྤྲོད་བྱས་པའི་དགེ་ཕྲུག རྒྱུས་མངའ་ཟབ་པའི་ན་ཟླ། རིག་གནས་སྡེ་ཁག་གི་ལས་དོན་པ་སོགས་མི་13དང་འབྲེལ་བ་ཡོད། ངག་ཐོག་གི་བརྙན་པར་དཔྱད་ཡིག་གི་རིང་ཐུང་ལ་ཆུ་ཚོད་9ཙམ་ཡོད་ཅེས་བརྗོད།
བསོད་ནམས་ཀྱིས། “ཨ་ཕྱི་སྒྲོལ་དཀར་གྱི་སྐུ་ཚེ་ཧྲིལ་པོའི་ལེགས་སྐྱེས་ཆེ་ཤོས་ནི། ཁོང་གིས་ཕལ་ཆེར་རང་ཉིད་མི་གཅིག་གི་སྟོབས་ཤུགས་ལ་བརྟེན་ནས། གུ་གེའི་ཤོན་ཁག་བཅུ་གསུམ་གྱི་ཁྲོད་ནས་ཤོན་གྱི་གླུ་གར་ཁག་9ཆད་ལྷག་མེད་པར་སླར་གསོ་བྱས་པ་དེ་རེད། གལ་སྲིད་ཨ་ཕྱི་སྒྲོལ་དཀར་ལྟ་བུའི་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་དེ་འདྲ་མེད་ན། གུ་གེའི་ཤོན་གྱི་སྒྱུ་རྩལ་གང་དེ་སྟོངས་ཉེན་ཡོད་པའམ། ཡང་ན་རྒྱུན་ཆད་ཉེན་ཡོད”ཅེས་བརྗོད།
2020ལོར་མངའ་རིས་སུ་ཨ་ཕྱི་སྒྲོལ་དཀར་གྱིས་རྒྱུན་འཛིན་བྱས་པའི་ཤོན་གྱི་སྒྱུ་རྩལ་ལ་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་དོན་སྤེལ་རིང་། དགུང་ལོ་མཐོ་བའི་བགྲེས་སོང་ཚོར་ལུས་ཁམས་མི་བདེ་བའི་གནས་ཚུལ་ཐེངས་མང་ཐོན་ནས། རྣམ་གྲངས་ཚོགས་ཆུང་གི་མི་སྣས་རྩྭ་མདའ་རྫོང་སྨན་རྩིས་ཁང་དུ་སྨན་བཅོས་བྱེད་པར་ཐེངས་4བསྐྱལ་བའི་འདས་དོན་དག་བསོད་ནམས་ཀྱི་ཡིད་ངོར་ད་ལྟའང་གསལ་པོར་ངེས་འདུག ཁོང་གིས། “ཨ་ཕྱི་སྒྲོལ་དཀར་ནི་ཤ་ཚ་དགོས་པའི་བགྲེས་སོང་ཞིག་རེད། མ་གཞི་སྔོན་ཆད་ལྟར་ཐང་ཤ་དོད་པོ་མེད་ཀྱང་། ཁོང་སྔར་རྒྱུན་ལྟར་སེམས་བག་ཡངས་ལ། བསྟན་བཤིག་ཚ་པོ་ཡོད། དགེ་ཕྲུག་ཚོའི་སྟངས་སྟབས་དང་སྒྲ་གདངས་ཏག་ཏག་མ་བྱུང་ཚེ། ཁོང་གིས་ཡོ་བསྲང་གནང་བར་མ་ཟད། རང་ནུས་ཅི་ལྕོགས་ཀྱིས་རང་དཔེ་གཞན་སྟོན་གནང་གི་ཡོད”ཅེས་བརྗོད།
ཨ་ཕྱི་སྒྲོལ་དཀར་ནི་བོད་རྙིང་པར་མངའ་རིས་རྩྭ་མདའི་འབྲོག་ཁུལ་དུ་སྐྱེས་པ་དང་། ཁྲལ་འཇལ་ཆེད་དུ་ཕ་མ་གཉིས་ཀྱིས་ཁོང་ཆུང་དུས་སུ་སྐབས་དེ་དུས་མཐོ་ལྡིང་དགོན་པའི་འཁྲིས་ཀྱི་དུད་ཚང་ཞིག་ཏུ་གུ་གེའི་ཤོན་སྦྱོང་བར་བསྐྱལ། མ་གཞི་ཞབས་བྲོ་དེ་རིགས་ཐོག་མར་སྦྱོང་དོན་ནི་སྐབས་དེ་དུས་བོད་རྙིང་པའི་མཐོ་རིམ་གྲལ་རིམ་ལ་གཟིགས་མོར་འབུལ་ཆེད་ཡིན་པ་ལས། རང་གི་དགའ་ཞེན་གྱིས་བསྐུལ་ཏེ་རང་མོས་ངང་སྦྱངས་པ་ཞིག་ག་ལ་ཡིན། འོན་ཀྱང་། བོད་ལྗོངས་གསར་པར་བཤད་པ་དང་། ལེན་པ། འཁྲབ་པ་བཅས་གཞི་གཅིག་ཅན་གྱི་རྣམ་པས་ལྟ་རིན་ཆེན་པོ་ཡོད་པའི་དམངས་ཁྲོད་སྒྱུ་རྩལ་ལ་ནང་དོན་གསར་པ་བསྣན་ཏེ་འཕེལ་རྒྱས་ཀྱི་དཔྱིད་དཔལ་བཞད་ཐུབ་པ་བྱུང་ཡོད། ཨ་ཕྱི་སྒྲོལ་དཀར་ཡང་དེས་རྐྱེན་པས་གུ་གེའི་ཤོན་གྱི་རྒྱུན་འཛིན་པ་ཉུང་ཤས་ཀྱི་གྲས་སུ་གྱུར།
2008ལོར། གུ་གེའི་ཤོན་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་ གྱི་རྣམ་གྲངས་ཀྱི་མིང་གཞུང་ཁག་གཉིས་པར་བཅུག་པ་དང་། 2018ལོར་ཨ་ཕྱི་སྒྲོལ་དཀར་ཡང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཁག་ལྔ་པར་གཏན་འཁེལ་གནང་ཡོད། ལོ་བཅུ་ཕྲག་ཁ་ཤས་རིང་ལ། ཁོང་གིས་རྗེས་རབས་པར་གུ་གེའི་ཤོན་བརྒྱུད་སྤྲོད་བྱ་རྒྱུ་དེ་རང་གི་འགན་འཁྲིར་བརྩིས་ནས། རྩྭ་མདའ་རྫོང་དུ་ས་གནས་དེ་གའི་བུད་མེད་9དགེ་ཕྲུག་ཏུ་ཉར་བ་རེད།
བསོད་ནམས་ཀྱིས། “མིག་སྔར་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་གྱི་ཡུལ་མི་བུ་མོ་བཞི་ཡིས་ཨ་ཕྱི་སྒྲོལ་དཀར་གྱིས་དམར་ཁྲིད་བྱས་པའི་གུ་གེའི་ཤོན་གྱི་འཁྲབ་རྩལ་ཚང་མ་ནང་བྱན་ཆུད་པའི་སྒོ་ནས་རྒྱུན་འཛིན་ཐུབ་སྟེ། གུ་གེའི་ཤོན་གྱི་དམངས་ཁྲོད་ཀྱི་རྒྱུན་འཛིན་པའི་མི་རབས་གསར་པར་གྱུར་ཡོད”ཅེས་བརྗོད།
བསོད་ནམས་ཀྱིས་བློ་ཕམ་མེད་པའི་ངང་ནས་བསྟན་དོན། དེ་སྔ་གསོན་པོར་འཚོ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་ པ་མང་པོ་ཚེ་ལས་འདས་དུས་ང་ཚོའང་བྱ་དཀའ་བྱེད་གཏད་དུ་གྱུར་ཞིང་། ཁོང་རྣམ་པ་ཚེ་ལས་འདས་པ་དེ་ནི་མངོན་མིན་རིག་གནས་ཤུལ་ བཞག་གི་རྣམ་གྲངས་དེའི་གྱོང་གུན་ཆེ་ཤོས་སུ་གྱུར། བསོད་ནམས་ཀྱིས། “སྟབས་ལེགས་པ་ཞིག་ལ། ལས་ཀ་འགའ་ཤས་ང་ཚོས་སྔོན་ཚུད་ནས་བསྒྲུབས་ཡོད་དེ། ཨ་ཕྱི་སྒྲོལ་དཀར་གྱི་གམ་ནས་ཤོན་གྱི་སྒྱུ་རྩལ་མྱུར་སྐྱོབ་བྱེད་པའི་ཐོ་འགོད་ལས་དོན་དང་འདྲ་བར། ང་ཚོའི་རྣམ་གྲངས་ཚོགས་ཆུང་གིས་ཁོང་གི་ཚེ་གང་གི་འཁྲབ་རྩལ་དང་། ཉམས་མྱོང་། རིག་གནས་ཀྱི་དྲན་ཤེས་བཅས་ཚང་མ་གྲངས་གཞི་ཅན་གྱི་ལམ་ནས་སྲུང་སྐྱོང་ཡག་པོ་བྱས་ཡོད་པས། དེས་གུ་གེའི་ཤོན་དྲིལ་བསྒྲགས་དང་། རྒྱུན་འཛིན། ཁྱབ་སྤེལ། ཞིབ་འཇུག་བཅས་བྱེད་པར་ཆེས་འཐུས་ཚང་གི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་དང་པོ་མཁོ་འདོན་ཐུབ་རྒྱུ་མ་ཟད། དེ་བས་མི་རབས་རྗེས་མར་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་གྱི་ནོར་བུ་རྩ་ཆེན་ཞིག་འཇོག་ཐུབ་ཡོད”ཅེས་བརྗོད།
ཨ་ཕྱི་སྒྲོལ་དཀར་ནི་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་དུ་འཁྲུངས་པ་དང་། ཁོང་དང་གུ་གེའི་ཤོན་གྱི་ལས་འབྲེལ་ཡང་གནས་དེ་ནས་འགོ་ཚུགས་ཤིང་། སླར་ཡང་གནས་དེ་ནས་མཇུག་ལེགས་པར་བསྡུས་ཡོད། བསོད་ནམས་ཀྱིས། “མ་གཞི་ཨ་ཕྱི་སྒྲོལ་དཀར་གྱིས་མི་ཧྲེང་གི་འཚོ་བ་སྐྱེལ་བཞིན་ཡོད་མོད། འོན་ཀྱང་གཤིས་ཀ་འཇམ་ལ་སེམས་བག་ཡངས་པའི་བགྲེས་སོང་ཁོང་གིས་འཚོ་བཞུགས་སྐབས་གསུངས་པ་ཇི་བཞིན། རྩྭ་མདའ་རྫོང་དུ་ཁོང་ལ་ཕྲུ་གུ་མང་པོ་ཡོད་ཅིང་། ཁོང་ཚོས་ཁོང་གིས་རྒྱུན་འཛིན་གནང་བའི་གུ་གེའི་ཤོན་མུ་མཐུད་དེ་རྒྱུན་འཛིན་བྱས་ཡོད། ང་ཚོས་གནའ་བོའི་སྒྱུ་རྩལ་དེ་དུས་རབས་གསར་པའི་བོད་ལྗོངས་གསར་པར་རྒྱུན་འཛིན་གང་ལེགས་ཐུབ་པར་བྱས་ཏེ། འཕེལ་རྒྱས་ཀྱི་ཡང་རྩེར་བསླེབ་རྒྱུར་རེ་སྒུག་བྱེད་བཞིན་ཡོད”ཅེས་བརྗོད།