བླུན་པོ་སྤུན་གསུམ།
གནའ་སྔ་མོ་ཁྱིམ་ཚང་ཞིག་ལ་བླུན་པོ་སྤུན་གསུམ་ཡོད་ཅིང་། ཁོ་ཚོ་གསུམ་པོས་ཉིན་ལྟར་ཁྱོད་ལས་ང་ལྷག་པའི་སྐད་ཆ་ཁོ་ན་བཤད་ནས་དུས་འདའ་བར་བྱེད། ཉིན་ཞིག་བླུན་པོ་སྤུན་གསུམ་པོས་རང་རང་གི་མལ་ཆས་སྒལ་པར་ཁུར་ནས་ཡུལ་གཞན་དུ་ལས་ཀ་བྱེད་པར་བསྐྱོད། ཁོ་ཚོ་ཕར་འགྲོའི་ལམ་བར་དུ་ལ་ཞིག་ཡོད་པ་དེའི་རྩེ་མོར་སླེབས་དུས། དགོ་བ་གཅིག་ཁོ་ཚོའི་མདུན་ནས་རྒྱུག་བཞིན་ཡོད་པས། སྐབས་དེར་སྤུན་རྒན་པས་གཞན་གཉིས་ལ་ན་རེ། ཡཱ། ཁྱོད་གཉིས་སྤྱང་པོ་ཡོད་ན་སེམས་ཅན་ཕ་གིའི་མིང་ལ་ཅི་ཟེར་ཞེས་སྐད་ཆ་དྲིས། དེ་མུར་སྤུན་འབྲིང་བ་དེས་ཧ་ཅང་འཇོན་མདོག་གིས་ན་རེ། དེ་མི་ཤེས་མཁན་སུ་ཡོད། སེམས་ཅན་ཕ་གིའི་མིང་ལ་དཔལ་ལྡན་ཤྭ་བ་ཟེར་ཞེས་བཤད། དེའི་ཚེ་ན། སྤུན་ཆུང་བས་འཕྱ་སྨོད་ཀྱི་ངང་ཚུལ་དང་བཅས། ཧ་ཧ། བྱས་ན་ཨ་ཅེ་ཝ་མོར་གླ་རྩི་ཡོད་པ་དེ་མ་རེད་དམ་ཞེས་བཤད་པ་ན། སྤུན་རྒན་པས་ཀྱང་ཧ་ཅང་ཤེས་མདོག་ངང་། ཧི་ཧི། ཨ་ཅེ་ཝ་མོར་གླ་རྩི་ཡོད་པ་ཨ་ཕོ་སྤྱང་ཀི་ནི་མིན་ཞེས་བཤད་དེ་སྔར་རྒྱུན་བཞིན་ཁྱོད་ལས་ང་ལྷག་པའི་སྐད་ཆ་ཁོ་ན་ཤོད་བཞིན་མུ་མཐུད་དེ་ལམ་ལ་ཆས་སོ།།