མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ། སྐྱིད་པའི་བོད་ལྗོངས་འཛུགས་སྐྲུན་བྱེད།
ལེང་ཅུན་ཡན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་སྐྱོར་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་བླ་ན་མེད་པའི་སྙིང་སྟོབས་ཤིག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ཞིག་ཡིན། གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པའི་སྙིང་སྟོབས་དེ་ནི་གསར་བརྗེའི་ཕུགས་བསམ་དགུང་ལས་མཐོ་བ་དེ་ཡིན”ཞེས་མཛུབ་སྟོན་གནང་ཡོད། ལོ་30ཡི་རིང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་བོད་སྐྱོར་ཤེས་ལྡན་ལས་བྱེད་པས་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མ་བཏང་བར་གངས་ལྗོངས་ས་མཐོར་མུ་མཐུད་འབད་འཐབ་ཀྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ་མི་སེམས་འགུལ་བའི་འབད་འཐབ་ཀྱི་ལེའུ་བརྩམས་ཡོད།
ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབས་ནས་བོད་སྐྱོར་ཤེས་ལྡན་ལས་བྱེད་པའི་གྲུབ་ཆ་ལེགས་སུ་བཏང་སྟེ་ཕུལ་བྱུང་ཤེས་ལྡན་པ་ཆ་རྐྱེན་ཞན་པ་དང་གནས་ཚུལ་རྙོག་འཛིང་ཆེ་བའི་ས་ཁུལ་དུ་མངགས་ནས་བློ་སྟོབས་སྦྱོང་བརྡར་དང་འཇོན་ཐང་ཆེ་རུ་གཏོང་དགོས”ཞེས་མཛུབ་སྟོན་གནང་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་འཆད་འགྲེལ་གནང་བ་དང་འབྲེལ་བོད་སྐྱོར་ལས་དོན་ཐད“ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པ་དེ་ནི་ཏང་ཀྲུང་དབྱང་གི་ཐོག་མཐའ་བར་གསུམ་གྱི་སྲིད་ཇུས་ཤིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ནས་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས”ཞེས་བླང་བྱ་ཁ་གསལ་བཏོན་གནང་ཡོད། ལོ་10ལྷག་ཙམ་རིང་། རྒྱ་ཆེའི་བོད་སྐྱོར་ཤེས་ལྡན་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་བོད་འཛུགས་སྐྲུན་བྱེད་པའི་བྱ་གཞག་རླབས་པོ་ཆེའི་ནང་ཞུགས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པས་དུས་རབས་གསར་པས་དཀྲིས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་བོད་མི་དམངས་ཀྱི་རོགས་རམ་ཆེ་ཤོས་དགོས་སར་ནུས་པ་ཆ་ཚང་བཏོན་ཡོད། ལོ་30ཡི་རིང་སྔ་རྗེས་སུ་ཁག་10ཡི་བོད་སྐྱོར་ཤེས་ལྡན་ལས་བྱེད་པ་ཁྲི་1.2ཀྱིས་གངས་ལྗོངས་ས་མཐོའི་ས་གནས་ཁག་ཏུ་འབད་འཐབ་བྱས་ཡོད། བོད་སྐྱོར་བྱེད་རིང་། བོད་དང་རྒྱལ་ཡོངས་ས་གནས་ཁག་དབར་ཆ་འཕྲིན་ཐད་སྤེལ་རེས་ལ་ཤུགས་སྣོན་དང་། ཐོན་ཁུངས་ཐད་ཕན་ཚུན་མཉམ་སྤྱོད། ལས་ཀའི་ཐད་མཐུན་སྦྱོར་མཉམ་འགུལ། ལས་ཀའི་ལམ་སྲོལ་འཛུགས་པ་དང་འབྲེལ་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཐུན་མོང་ཐོག་གཅིག་ཏུ་བསྒྲིལ་ཡོད།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་བོད་ཀྱི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་ཕྱིན་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་ཧ་ཅང་ཆེན་པོ་ཐོན་ཡོད། བོད་ཀྱི་འགྲིམ་འགྲུལ་ཐད་རང་བྱུང་འོབས་ཆེན་ནས་ཤར་གཏོང་ལམ་བུའི་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། གཞུང་ལམ་དང་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་བས་འགྲིམ་འགྲུལ་ཐད་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་ཡོད། བོད་ཀྱི་སློབ་གསོའི་བྱ་གཞག་ཐད“སློབ་གྲྭར་འགྲོ་རྒྱུ་ཡོད་པ”ནས“སློབ་གྲྭ་ཡག་པོར་འགྲོ་རྒྱུ་ཡོད་པའི”བར་གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། སློབ་གསོའི་དུས་མཚམས་ཁག་ཚུད་པའི་དེང་རབས་སློབ་གསོའི་མ་ལག་བཙུགས་པ། ལོ་15ཡི་གཞུང་གྲོན་སློབ་གསོ་མངོན་འགྱུར་བྱུང་བ། སློབ་གསོ་ཁྱབ་གདལ་གཏོང་ཚད་དང་སྤུས་ཚད་ཆེས་ཆེར་མཐོ་རུ་སོང་ཡོད། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་བ་དང་སྨན་བཅོས་འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མང་ཚོགས་ཀྱི་ནད་གཞི་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། བོད་ཀྱིས་རིགས་ཁག་གི་དམངས་འཚོའི་རྣམ་གྲངས་དཔེར་ན། འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་དང་སྤྱི་པའི་རིག་གནས་ཞབས་ཞུ་སོགས་ལག་ལེན་བསྟར་བ་བརྒྱུད་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་ནུས་ལྡན་ཕྱིན་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མུ་མཐུད་བརྟན་དུ་ཕྱིན་ནས་ས་མཐོའི་རང་བྱུང་སྐྱེ་ཁམས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐུབ་ཡོད།
བོད་ལ་ཁ་གཏད་རོགས་སྐྱོར་བྱས་པས་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་ཁུར། མཉམ་ཤི་མཉམ་གསོན། ལས་དབང་མཉམ་འཁུར་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ངོས་འཛིན་ཟབ་ཏུ་ཕྱིན་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཐེབས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད། ཁ་གཏད་བོད་སྐྱོར་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཚུན་འབྲེལ་ཡོད་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་སྡེ་ཚན། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་དཔལ་འབྱོར་དང་། སློབ་གསོ། ཚན་རྩལ། ཤེས་ལྡན་ལས་བྱེད་པ་སོགས་ཕྱོགས་གང་ཅིའི་ཐད་ནས་བོད་སྐྱོར་ཤུགས་ཆེན་བྱས་ཡོད། 2015ལོ་ནས་བཟུང་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལག་ལེན་བསྟར་ནས་བོད་ཀྱི་རྨང་གཞིའི་སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་འགྲོ་བར་ཁྱབ་འགྱེད་སྐུལ་ཁྲིད་བྱས་ཡོད། བོད་སྐྱོར་ཚོགས་པས་སྦྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ནས་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་ས་གནས་གཉིས་ཀྱི་སློབ་མ“ལག་གདང་སྦྲེལ་བ”སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་མི་རིགས་ཁག་གི་དགེ་སློབ་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ་དེ་ཐོག་ནས་ཀྲུང་ཧྭའི་མི་རིགས་ཁག་གི་སྤུན་ཟླ་ཉ་ཆུ་ལྟར་བརྩེ་བ་ཟབ་མོ་ཡོད་པ་མཚོན་ཡོད།
ལོ་30ཡི་བོད་སྐྱོར་གྱི་ལོ་རྒྱུས་ལམ་བུ་ནི་རི་ཀླུང་དང་དུས་རབས་བརྒལ་བའི་བརྗིད་ཉམས་ལྡན་པའི་རྒྱང་སྐྱོད་ལམ་བུ་ཞིག་ཡིན་ཞིང་། དེས་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ནུས་པ་ཧ་ཅང་ཆེན་པོ་བཏོན་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཀྱིས་ད་དུང་མུ་མཐུད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནང་དེ་བས་འོད་སྟོང་འཕྲོ་བའི་ཚན་པ་ཞིག་རྩོམ་རྒྱུ་ཡིན་པ་རེད།
(རྩོམ་པ་པོ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཡིན)