རླུང་ཆེན་འཇགས་རྗེས།
རླུང་ཆེན་འཇགས་རྗེས། ཁེར་རྐྱང་གི་ལོ་མ་ལྡོམ་པོ་དག་གཤོག་རྩལ་རྒྱས་པའི་བྱ་རྒོད་ལྟར། རང་དབང་གི་ནམ་མཁར་འཁྲེང་། རླུང་ཆེན་འཇགས་རྗེས། རྔམ་བརྗིད་ཀྱི་རི་བོའི་ཚོགས་བག་ཡངས་ཀྱི་གདན་ལ་བཞུགས་ཤིང་། གཙང་པོས་ཀྱང་བྲེལ་འཚུབ་ཀྱི་ཞྭ་མོ་ཕུད་དེ། ཞི་བདེ་ཡི་དགའ་འཛོམས་ལ་སྙན་འཇེབས་ཀྱི་གླུ་དབྱངས་ལེན།
རླུང་ཆེན་འཇགས་རྗེས། ཉི་འོད་ལ་རེ་བའི་སྲོག་ལྡན་དག་གིས་འོད་སྣང་གི་རལ་གྲི་ཐོགས་ནས། སྡུག་བསྔལ་གྱི་སྨག་རུམ་ཕ་མཐར་གཤགས་ཤིང་། འཇིག་རྟེན་པས་དཀའ་སྡུག་དང་ན་ཟུག་གི་རྩྭ་ལྡུམ་བྲེགས་ཏེ། བདེ་སྐྱིད་དང་འཆམ་མཐུན་གྱི་མེ་ཏོག་བཏབ་ཅིང་། ང་རྒྱལ་དང་ཁེངས་དྲེགས་ཀྱི་དམག་ཧྲག་བཏུལ་ཏེ། བཟོད་སྒོམ་དང་ཞི་མཐུན་གྱི་མཁར་རྫོང་བརྩིགས།