དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཞོགས་པའི་སེམས་འགྱུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མེ་ཆར།   |     སྤེལ་དུས།  2024-09-15

    ཞོགས་པའི་ཉི་གཞོན་སེར་པོ་དལ་བུར་མཁའ་ནས་འཕྲོ་དུས། ངས་ཉི་ཟེར་གྱི་འོད་སྣང་ལ་འཇུས་ཏེ། ཡིད་དུ་འོང་བའི་སྨོན་འདུན་མཐའ་དག་ཞོགས་པའི་མཚམས་སྤྲིན་ལ་འགྲོགས་ནས་ཁྱོད་ཀྱི་ཕྱོགས་སུ་སྤུངས། སྒེའུ་ཁུང་ལས་མཐོང་བའི་སྤྲིན་དཀར་གྱི་ཚོམ་བུ་དང་། གསེར་མདོག་གི་ཉི་འོད་ཀྱིས་ཁ་གཡང་དང་རེ་སྨོན་ཁྱེར་ནས། རེ་བ་གསར་པ་ཞིག་གི་དབུ་ཁྱུད་འབྲི་འགོ་བརྩམས།

    ཞོགས་པའི་སྒེའུ་ཁུང་གི་གསེབ་ནས། ཉི་འོད་འཇམ་པོ་ཞིག་གིས་ངའི་ངོ་གདོང་ལ་བྱིལ་བྱིལ་བྱེད་དུས། ང་ནི་མེ་ཏོག་པདྨ་ཞིག་དང་འདྲ་བར། ཁྱེད་ཀྱི་དྲོ་སྐྱིད་ཀྱི་ཀློང་དུ་ལང་ཚོའི་བཀྲག་མདངས་ངང་གིས་རྒྱས།

    ཆ་མེད་ཀྱི་ཞོགས་པ་ཞིག་ལ། དྲོད་འཇམ་གྱི་ཉི་འོད་འཇམ་པོ་དེའི་འོག་ཏུ། ཡོད་ཚད་ལྷིང་འཇགས་སུ་གནས་དུས། ཁྱོད་དང་འབྲེལ་བའི་ཡིག་འབྲུ་འགས། ཁོ་མོས་དྲན་གདུང་གི་འཇིག་རྟེན་གསར་པ་ཞིག་བསྐྲུན། མ་འོངས་འབྱུང་འགྱུར་གྱི་ལོ་ཟླའི་ནང་དུ། ནམ་ཟླ་ནི་དབྱར་ཁ་ཁོ་ན་ཡིན་རྒྱུ་ན། ཁོ་མོས་དབྱར་གཞུང་གི་མཛེས་སྡུག་མཐའ་དག་དབྱངས་སུ་གྱེར་བཞིན། དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ལམ་བུར་ཆས་ན་འདོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།