དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ང་ཡི་ཕ་ཡུལ་རྒྱ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སློབ་མ། བསྟན་འཛིན་ཐོགས་མེད།   |     སྤེལ་དུས།  2024-09-15

    ང་རང་ལ་ཕ་ཡུལ་གཉིས་ཡོད། གཅིག་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་ཤར་ལྷོའི་མཚམས་སུ་གནས་པའི་ཉི་མ་ལྕང་རྭ་ཤང་ཡངས་རི་སྒང་དུ་ཡིན། གཞན་ཞིག་ནི་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་ཡིན། མ་གཞི་ལུང་པ་དེ་གཉིས་ནི་གཅིག་ལས་གཅིག་མཛེས་ནའང་ངའི་སེམས་ནང་ཆེས་དགའ་བའི་ཕ་ཡུལ་ནི་རྒྱ་མ་ཡིན། གང་ཡིན་ཟེར་ན། བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཧ་ཅང་ཆེ་བའི་བོད་རྒྱལ་སྲོང་བཙན་སྒམ་པོ་གནས་དེར་འཁྲུངས་ཤིང་། དེ་གར་མཛེས་ཤིང་ལྟ་ན་སྡུག་པའི་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་ཡོད་པ་དང་། དེའི་གཡས་སུ་ལུག་གི་ཁ་ནང་ནས་འབབ་པའི་དྭངས་གཙང་གི་ཆུ་མོ་ཞིག་ཡོད་ལ། དེའི་འོག་ཏུ་ཆུ་མིག་ཡ་མཚན་ཅན་ཞིག་ཡོད། ཆུ་མིག་གི་ཆུ་དེ་ཡངས་ཤིང་རྒྱ་ཆེ་བའི་སྤང་ཐང་དུ་རྒྱུག་ཚེ་སྔོ་ལྗང་རྩྭ་ལོར་སྐྱེ་སྟོབས་ཀྱི་དཔལ་སྦྱིན་ཞིང་། ལོ་ལྟར་དབྱར་དུས་སུ་ཡུལ་སྐོར་བ་མང་པོ་ཡོང་བ་དང་། ཁོང་ཚོ་སྤང་ཐང་ཐོག་བསྡད་ནས་ངའི་ཕ་ཡུལ་གྱི་ངོ་མཚར་རི་ལུང་བཀོད་པ་ཉམས་སུ་མྱོང་ཞོར་པར་ཆས་བཏོན་ནས་པར་ལེན་བྱེད་པར་བྲེལ་བཞིན་མཆིས།

    ཕ་ཡུལ་གྱི་གཞུང་ལམ་མང་ཆེ་བ་ནི་སྣུམ་ནག་ལམ་ཆེན་ཡིན། དེའི་གཡས་གཡོན་གཉིས་སུ་གྲལ་སྟར་འགྲིག་པའི་ལྕང་མ་མང་པོ་བཙུགས་ཤིང་། དེས་ཕ་ཡུལ་གྱི་ཁོར་ཡུག་ལ་མཛེས་རྒྱན་སྤྲས་ཡོད། དྲན་གསོ་ཁང་ནས་ལྷོ་ལ་ཁ་ཕྱོགས་ཏེ་ཕྱིན་ན་སྐད་གྲགས་ཆེ་བའི་རྒྱ་མ་ཁྲི་ཁང་དུ་སླེབས་ཤིང་། དེར་ཡུལ་སྐོར་སྤྲོ་གསེང་ཁང་རྒྱ་ཆེན་པོ་ཞིག་ཡོད་པ་དང་། ང་རང་གུང་གསེང་སྐབས་སུ་གྲོགས་པོ་དང་མཉམ་དུ་སྤྲོ་གསེང་གཏོང་བར་འགྲོ་གི་ཡོད། དེ་གར་ག་དུས་ཕྱིན་ན་ཡང་ཕྱི་རྒྱལ་བ་མང་པོ་ཡོང་གི་ཡོད་ལ། ཁོང་ཚོས་ཕྱི་རྒྱལ་གྱི་སྐད་ཆ་བཤད་སྟབས་ངས་ཧ་གོ་གི་མི་འདུག་པས། ཕྱིས་སུ་ངས་རང་མི་རིགས་ཀྱི་སྐད་ཡིག་ལ་སྦྱངས་པ་མཐར་ཕྱིན་པ་བྱས་པའི་རྨང་གཞིའི་ཐོག ཕྱི་རྒྱལ་གྱི་སྐད་ཡིག་སྣ་ཚོགས་སྦྱངས་ནས་ཕ་ཡུལ་རྒྱ་མའི་ལོ་རྒྱུས་ངོ་སྤྲོད་ཡག་པོ་ཐུབ་པ་བྱ་རྒྱུའི་སེམས་ཤུགས་ཆེན་པོ་ཡོད་ལ། ཕྱིས་འབྱུང་ཕ་ཡུལ་འཛུགས་སྐྲུན་བྱེད་མཁན་གྱི་མི་བཟང་པོ་ཞིག་བྱེད་རྒྱུའི་ཕུགས་བསམ་ཡང་ཡོད། ཕ་ཡུལ་ལ་དེ་ལྟའི་ལོ་རྒྱུས་ལྡན་ཞིང་དེ་ལྟ་བུའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མང་པོ་ཡོད་པས། ང་རང་ཕ་ཡུལ་ལ་ཧ་ཅང་དགའ་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།