དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • རོགས་མཐུན་གྱི་བརྩེ་དབྱངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཨོ་ཏོག་བསྟན་ཉི།   |     སྤེལ་དུས།  2024-09-15

    ཆར་པ་ཆར་པ་མ་གསུངས། །

    ཆར་པའི་ཐིགས་པ་རེ་རེར། །

    རོགས་མཐུན་སེམས་ཀྱི་ལྷ་མོའི། །

    མིག་ཆུའི་བདུད་རྩི་འདྲེས་ཡོད། །


    མེ་ཏོག་མེ་ཏོག་མ་གསུངས། །

    མེ་ཏོག་ཟེའུ་འབྲུ་རེ་རེར། །

    ཞེ་མཐུན་སྙིང་གི་བྱམས་པའི། །

    འཛུམ་ཆུང་མེ་ཏོག་བཞད་ཡོད། །


    ཁུ་བྱུག་ཁུ་བྱུག་མ་གསུངས། །

    ཁུ་བྱུག་གསུང་སྐད་རེ་རེར། །

    བློ་དཀར་སྐར་མ་ལྷ་མོའི། །

    དྲུག་འགྱུར་གླུ་སྐད་འདྲེས་ཡོད། །


    རྨ་བྱ་རྨ་བྱ་མ་གསུངས། །

    རྨ་བྱའི་གཤོག་སྒྲོ་རེ་རེར། །

    དགའ་ལོ་སྙིང་གི་སྐྱ་ཡའི། །

    མཚར་སྡུག་གཟུགས་བྱད་འདུས་ཡོད། །


    ནོར་གནག་ནོར་གནག་མ་གསུངས། །

    ནོར་གྱི་རྩིད་པ་རེ་རེར། །

    མཛེས་ལྡན་ཡིད་ཀྱི་ལྷ་མོའི། །

    སྐྲ་ལོའི་རང་མདངས་བསྲེས་ཡོད། །


    ཆུ་མོ་ཆུ་མོ་མ་གསུངས། །

    ཆུ་མོ་རྒྱུག་ཐེངས་རེ་རེར། །

    ཡིད་མཐུན་ན་ཆུང་སྒྲོལ་མའི། །

    ངག་རྒྱུན་མཉམ་དུ་གནས་ཡོད། །


    གཡང་དཀར་གཡང་དཀར་མ་གསུངས། །

    གཡང་དཀར་བལ་ཁ་རེ་རེར། །

    ལས་མདུད་ཐེབས་པའི་བུ་མོའི། །

    གཤིས་རྒྱུད་ལྷན་དུ་གནས་ཡོད། །


    དཔེ་དེབ་དཔེ་དེབ་མ་གསུངས། །

    དཔེ་དེབ་ཤོག་ལྷེ་རེ་རེར། །

    ང་དང་སྙིང་གི་མཛའ་མོའི། །

    བརྩེ་བའི་ལོ་རྒྱུས་འཁོད་ཡོད། །


    སྒྲ་སྙན་སྒྲ་སྙན་མ་གསུངས། །

    སྒྲ་སྙན་སྟོང་སྐུད་རེ་རེར། །

    ང་དང་སྐར་མ་ལྷ་མོའི། །

    མཛའ་བརྩེའི་སྙིང་གཏམ་བརྒྱུས་ཡོད། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།