དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • བོད་བཟོའི་བཟོ་བཀོད་རིག་གནས་ཀྱི་གསང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-14

    འདི་ནི་ལྷ་སའི་ནོར་བུ་གླིང་ཁ་ཡིན་པ།

    བོད་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་བཟོ་བཀོད་ཚང་མར་རང་བྱུང་ས་ཁམས་ཀྱི་མཚོན་རྟགས་དང་ལོ་རྒྱུས་ཀྱི་གཞི་རྒྱུ་འདུས་ཡོད་པ་མ་ཟད། ས་ཁོངས་དེའི་མི་ཆོས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། ས་མཐོའི་བཟོ་བཀོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་གསང་བ་ཡང་འདུས་ཡོད།

    བོད་ནི་མཚོ་བོད་ས་མཐོའི་གྲུབ་ཆ་གཙོ་བོ་ཞིག་ཡིན། ལོ་ངོ་ཁྲི་ཕྲག་རིང་གི་མིའི་རིགས་ཀྱི་རིག་གནས་ལོ་རྒྱུས་ལས་ཤེས་རྟོགས་བྱུང་བར། བོད་ལྗོངས་ས་མཐོ་ནི་སྔར་ནས་ད་བར“ཁེར་ཆགས་གླིང་ཕྲན”ཞིག་གཏན་ནས་མིན་པ་དང་། ཉེ་བའི་ལོ་ཤས་རིང་། གནའ་རྫས་རྟོག་ཞིབ་གལ་ཆེན་མང་པོ་ལས་བོད་ས་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ནང་དོན་ཕུན་སུམ་ཚོགས་སུ་སོང་བ་མ་ཟད། མི་རྣམས་ཀྱིས་ས་ཁོངས་དེའི་གནའ་བོའི་ཤེས་དཔལ་ལོ་རྒྱུས་ལ་རྒྱུས་མངའ་སྔར་བས་གཏིང་ཟབ་བྱུང་ཡོད།

    བོད་ཀྱི་གནའ་བོའི་བཟོ་བཀོད་རིགས་གཅིག་མཁས་ཅན་མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས་དེའི་ཐད་རང་ཉིད་ཀྱི་ཕྱོགས་སྡོམ་ཆ་ཚང་ཞིག་བྱས་ཡོད་པ་སྟེ། བོད་རིགས་ཀྱི་བཟོ་བཀོད་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། གྲུབ་ཆ་དམིགས་བསལ་ཡིན་པ། རྣམ་པ་སྣ་ཚོགས་པ། ཁྱད་ཆོས་ཐུན་མོང་མ་ཡིན་པ། གནའ་རབས་དང་། ཐུ་བྷོད། གུ་གེ ས་སྐྱ། ཕག་གྲུ། དགའ་ལྡན་ཕོ་བྲང་། དེ་བཞིན་ཉེ་རབས་དང་དེང་རབས་བཅས་དུས་སྐབས་གཙོ་བོ་བདུན་བརྒྱུད་མྱོང་ཡོད།

    2018ལོའི་ཟླ་11ཚེས་30ཉིན། ཀྲུང་གོ་ཚན་རིག་ཁང་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མཚོ་བོད་ས་མཐོའི་དབུས་རྒྱུད་དུ་གནས་པའི་ཉ་དེའུ་གནའ་ཤུལ(བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩྭ་རྫོང་ཁོངས་ཀྱི་ཉ་དེའུ་ནུབ་ལྡེབས་སུ་གནས་པ)གྱི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་དེས་མིའི་རིགས་མཚོ་བོད་ས་མཐོར་ཐེངས་དང་པོར་སླེབས་པའི་ལོ་རྒྱུས་ལོ་ངོ་ཁྲི་4ཡི་གོང་རོལ་དུ་གཏུགས་ཆོག་པ་མ་ཟད། འཛམ་གླིང་གི་ཁྱབ་ཁོངས་ནང་ཡི་གེ་མ་བྱུང་གོང་མིའི་རིགས་ཀྱིས་ས་བབ་མཐོ་བའི་ཁོར་ཡུག་ངན་པ་ཁྱད་དུ་བསད་པའི་ཟིན་ཐོ་མཐོ་ཤོས་དང་སྔ་ཤོས་བཏོད་ཡོད། གནའ་ཤུལ་དེ་ས་བབ་མཐོ་ཚད་སྨི་4600ཡི་སར་གནས་པ་དང་། གཞི་ཁྱོན་ཆེ་བ་དང་། ས་རིམ་ཉར་ཚགས་ཡག་པ། རྡོ་ཆས་ཁྱབ་ཚུལ་སྟུག་པ། རྡོ་ཆས་ལག་རྩལ་གྱི་ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་ཐང་སྟོང་གནའ་ཤུལ་ཞིག་རེད།

    འབྲེལ་ཡོད་ཞིབ་འཇུག་གི་གྲུབ་འབྲས་ལས་མངོན་པར། ཁ་རུབ་གནའ་ཤུལ་དུས་སྐབས་སྔ་མ་དང་ཕྱི་མ་གཉིས་སུ་ཕྱེ་བ་དང་ཁང་པའི་རྨང་ཤག་28ཤེས་རྟོགས་བྱུང་ཡོད། དུས་སྐབས་ཕྱི་མའི་ཕྱེད་ས་ཕུག་རྣམ་པའི་སྡོད་ཁང་ནི་ས་ཕུག་གི་གྱང་ལྡེབས་བཞིར་རྡོ་བརྩིགས་ཡོད་པ་དང་། ཁ་ཤས་ཀྱི་སྟེང་དུ་ད་དུང་ཐོག་བརྩེགས་གཅིག་བསྐྲུན་ཡོད་པས། བཟོ་བཀོད་ཀྱི་ས་གནས་ཀྱི་ཁྱད་ཆོས་དང་བཟོ་སྐྲུན་ལག་རྩལ་ཡར་ཐོན་ཡིན་པ་མཚོན་གྱི་ཡོད། ད་དུང་གདོད་མའི་ཆོས་ལུགས་དང་འབྲེལ་བ་ཡོད་སྲིད་པའི་རྡོ་སྐས་སྒོར་མོ་དང་རྡོ་རའི་གནའ་ཤུལ་ཡང་རྙེད་ཡོད།

    འདི་ནི་ཆབ་མདོ་སྟོབས་འབར་གྱི་མང་ཚོགས་ཀྱི་སྡོད་ཁང་ཡིན་པ།

    མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས། བོད་ཀྱི་བཟོ་བཀོད་མང་ཆེ་བ་ས་ཆ་དེ་གའི་རྒྱུ་ཆ་སྤྱད་ནས་བསྐྲུན་པ་དང་དེ་ནི་ས་གནས་དེ་རང་གི་གནམ་གཤིས་ཀྱི་ཆ་རྐྱེན་དང་ས་གཤིས་ཁོར་ཡུག་དང་འཚམ་པོ་ཡོང་གང་ཐུབ་བྱ་ཆེད་ཡིན་པ་དང་། དེའི་ཐོག་ནས་བཟོ་བཀོད་རང་ངོས་ཀྱི་བོད་རིགས་མི་དམངས་ཀྱི་མེས་པོ་ཚོའི་བློ་གྲོས་དང་མཛེས་དཔྱོད་ཀྱི་རིག་གནས་ནང་དོན་མཚོན་ཡོད་པའི་ངོས་འཛིན་བྱས་པ་རེད།

    ཁས་མ་བླངས་ཀ་མེད་ཅིག་ནི། བོད་ཀྱི་ཡུལ་ཁམས་རྒྱ་ཆེ་ཞིང་ས་གནས་ཁག་གི་བཟོ་བཀོད་ཁྱད་ཆོས་ལ་ཧེ་བག་ངེས་ཅན་ཡོད་ཀྱང་། མི་རྣམས་ཀྱིས་མཐོང་མ་ཐག་དེ་ནི་བོད་རིགས་ཀྱི་ཁང་པ་དང་ཡང་ན་བོད་རིགས་ཀྱི་ཁང་པ་གཞན་ཞིག་གི་རིགས་ཡིན་པ་གསལ་པོར་ཤེས་ཀྱི་ཡོད་པ་རེད།

    ལོ་རྒྱུས་ཡིག་ཚགས་ནང་འཁོད་པ་ལྟར་ན། ཕོ་བྲང་པོ་ཏ་ལ་ནི་བོད་ཀྱི་མཁར་རྫོང་བཟོ་བཀོད་ཁྲོད་ཀྱི་ཕུལ་དུ་བྱུང་བ་ཞིག་ཡིན་ལ། མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས་ཕོ་བྲང་པོ་ཏ་ལའི་བཟོ་སྐྲུན་ལ་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད། ཁོང་གིས། བཙན་པོའི་དུས་སྐབས་ཀྱི་མཁར་རྫོང་ཕོ་བྲང་པོ་ཏ་ལའི་གཞི་ཁྱོན་ཆེ་བ་དང་། མཛེས་སྤྲས་ཡིད་དུ་འོང་བ། གྲུབ་ཆ་སྲ་ཞིང་བརྟན་པ། བཙན་ཞིང་དམ་པ་བཅས་ནི་དུས་རབས་རིམ་བྱུང་གི་མཁར་རྫོང་རྣམ་པའི་ཕོ་བྲང་གང་རུང་ཞིག་གིས་ཀྱང་འགྲན་ཟླ་བྲལ་བ་ཞིག་ཡིན་ཞེས་བརྗོད་ཡོད།

    ལོ་རྒྱུས་རིམ་བྱུང་ལ་བལྟས་ན། བོད་དུ་ཧ་ལམ་དུས་སྐབས་རེ་རེའི་ནང་ས་གནས་ཁག་ནས་མཁར་རྫོང་རྣམ་པའི་ཕོ་བྲང་རེ་བསྐྲུན་ཡོད་པ་དཔེར་ན། གུ་གེ་རྒྱལ་རབས་དང་། བསམ་གྲུབ་རྩེ། རྒྱལ་རྩེའི་རྫོང་རི་སོགས་ད་ལྟའི་ཆར་ཡང་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་མུ་མཐུད་རྩད་གཅོད་ཞིབ་འཇུག་བྱེད་བཞིན་པའི་བོད་ཀྱི་རིག་གནས་གནའ་ཤུལ་གྲགས་ཅན་ལྟ་བུའོ།

    ནགས་ལས་ཐོན་ཁུངས་ཅུང་འབེལ་བའི་བོད་ཀྱི་ས་གནས་ཁག་དང་། ལྷག་པར་དུ། བོད་ལྷོ་རྒྱུད་ཀྱི་རོང་ཁུལ་དུ། ཤིང་ཁང་ནི་ཁྱད་ཆོས་མངོན་གསལ་དོད་པོའི་བོད་ཀྱི་བཟོ་བཀོད་གཞན་ཞིག་ཏུ་གྱུར་ཡོད།

    བོད་ཀྱི་གནའ་བོའི་བཟོ་བཀོད་རིགས་གཅིག་མཁས་ཅན་ཉུང་ངུའི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། མི་ཉག་ཆོས་ཀྱི་རྒྱལ་མཚན་བོད་ཀྱི་མདོ་དབུས་ཁམས་གསུམ་ལ་འགྲོ་མྱོང་བ་དང་། ཁོང་གིས་ཧ་ལམ་རང་ཉིད་ཀྱི་མི་ཚེ་གང་པོ་བོད་ཀྱི་གནའ་བོའི་བཟོ་བཀོད་ཤུལ་བཞག་སྲུང་སྐྱོང་དང་སྲོལ་རྒྱུན་བཟོ་བཀོད་ཁྱབ་ཁོངས་ཀྱི་ཞིབ་འཇུག་ལས་ལ་གཞོལ་ཡོད།

    འདི་ནི་ཉིང་ཁྲིའི་བཙན་རྫོང་ཡིན་པ།

    འདི་གའི་གནམ་གཤིས་བཞའ་ཚན་ཆེ་ལ་ཚ་བ་ཆེ་བ་དང་། རྩྭ་ལྡུམ་མང་པོ་སྐྱེས་པ། དུག་སྦྲུལ་སོགས་སྲོག་ཆགས་ཀྱི་རིགས་ཀྱང་མང་པོ་ཡོད་པའི་རྐྱེན་གྱིས། ཕ་མེས་ཡང་མེས་ནས་དེ་གར་སྡོད་མཁན་མི་རྣམས་ཀྱིས་སོ་སོའི་ཉམས་མྱོང་ལྟར་ཀ་བ་བཞི་བཙུགས་ཐོག་རིམ་པ་འོག་མ་སྟོང་པར་འཇོག་པ་དང་སྟེང་དུ་པང་ལེབ་བཏིང་ནས་ཁང་པ་བརྒྱབ་རྗེས་ཁང་པའི་ཐོག་ཁར་འབྲས་སོག་གམ་ཆུ་ཤིང་གི་ལོ་མ་གཡོགས་ནས་འབུ་སྲིན་དང་གཅན་གཟན་སོགས་འགོག་ཐབས་བྱེད་ཀྱི་ཡོད། འདི་ནི་བོད་ཀྱི་ཤིང་ཁང་གི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་རེད།

    བོད་བཟོའི་སྲོལ་རྒྱུན་བཟོ་བཀོད་ཀྱི་འདུ་ཤེས་དང་ཕྱིའི་རྣམ་པའི་ཐུན་མོང་མ་ཡིན་པའི་ཆ་ཡང་བསྐྱར་བརྗོད་ན། བོད་བཟོའི་བཟོ་བཀོད་ཀྱིས་སྤྱིའི་ཆ་ནས་མི་རྣམས་ལ་གནའ་ཉམས་དོད་པ་དང་། ངོ་མཚར་ཆེ་བ། བབ་ཆགས་པ། བློ་གཤོགས་ཆེ་བ་བཅས་ཀྱི་ངོ་མཚར་ཆེ་བའི་མཛེས་སྣང་ཞིག་སྦྱིན་གྱི་ཡོད། སྤྱིར་ན་ཁང་པར་རྒྱན་སྤྲོས་ཟང་ཟིང་མེད་པ་ལས་བོད་མི་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཛིན་པའི་མཛེས་དཔྱོད་ཀྱི་ལྟ་བ་མཚོན་གྱི་ཡོད། ཡིན་ནའང་བཟོ་བཀོད་ཚང་མའི་ཞིབ་ཕྲའི་ཇུས་འགོད་ནང་འདུས་པའི་མི་རིགས་རིག་གནས་ལས་དེ་ཉིད་གཞན་དང་མི་འདྲ་བ་ཞིག་ཏུ་མཐོང་གི་ཡོད།

    ཇུས་འགོད་ཁོ་ནའི་ཆ་ནས་བལྟས་ན། བོད་ཀྱི་སྲོལ་རྒྱུན་བཟོ་བཀོད་ནི་སྤྱིར་བཏང་དབྱིབས་གྲུ་བཞིའི་ཁང་པ་ཐོག་གཅིག་མ་ཡིན་པ་དང་ཁང་པའི་དབུས་སུ་ཀ་བ་གཅིག་བཙུགས་ཡོད། དེ་ལྟར་གཡས་གཡོན་གྱི་རྒྱ་ཁྱོན་ཆེ་རུ་གཏོང་དགོས་ཚེ་སླར་ཡང་ཀ་བ་འཛུགས་དགོས་ཀྱི་ཡོད། ཁང་པའི་ཁ་ལྷོ་གཏད་ཡིན་པ་འདི་ནི་བོད་རིགས་ཀྱི་མེས་པོ་རྣམས་ཀྱིས་བསགས་པའི་ཉམས་མྱོང་ཡིན་ཞིང་། ས་མཐོའི་གནམ་གཤིས་གྲང་ངར་ཆེ་ཡང་ཉི་འོད་འཕྲོ་ཡུན་རིང་བའི་རང་བྱུང་ས་ཁམས་ཀྱི་ཁོར་ཡུག་དང་ཐད་ཀར་འབྲེལ་བ་ཡོད། ཁ་ལྷོ་གཏད་ཀྱི་ཁང་པ་ཡིན་ཕྱིན། ས་མཐོའི་ཉིན་གཅིག་གི་ཉི་འོད་གང་ལེགས་ཕོག་གི་ཡོད། གཞན་ཡང་། བོད་བཟོའི་སྲོལ་རྒྱུན་བཟོ་བཀོད་མཐོ་པོ་མེད། དེའི་མཐོ་ཚད་འཚམ་ཤོས་ནི་དཀར་ཆ་དོད་ཤོས་དང་སྡོད་མཁན་ལ་སྐྱིད་སྣང་དོད་པ་དང་དྲོ་སྐྱིད་ལྡན་པའི་ཚོར་སྣང་ཡོང་བ་བྱ་རྒྱུ་དེ་ཡིན།

    འདི་ནི་ལྷ་སའི་བར་སྐོར་ཁྲོམ་གཞུང་ཡིན་པ།

    ཕྱིའི་རྣམ་པའི་ཆ་ནས་བརྗོད་ན། སྒེའུ་ཁུང་ནི་ཁང་པའི་མདུན་ངོས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་། བོད་ཀྱི་སྲོལ་རྒྱུན་བཟོ་བཀོད་ཁྲོད་སྒེའུ་ཁུང་གི་སྟར་སྒྲིག་དང་ཆེ་ཆུང་མི་འདྲ་ཞིང་། སྒེའུ་ཁུང་ལ་མཐོ་དམའ་གཉིས་ཀ་ཡོད་པ་དང་། ངོས་གཅིག་གི་ཐོག་ཏུ་ཡོང་མི་སྲིད། བལྟས་ཚོད་ལ་གང་འདོད་ལྟར་དུ་སྣང་ཡང་མི་རྣམས་ལ་ངེས་གཏན་མེད་པའི་མཛེས་སྣང་ཞིག་སྦྱིན་གྱི་ཡོད།

    བོད་ཡུལ་བཟོ་བཀོད་ཀྱི་ཕྱིའི་རྣམ་པའི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་ཚོས་གཞི་དཀར་དམར་གཉིས་ལས་སྤྱི་ཡོངས་ཀྱི་བཀོད་པ་མངོན་པ་དེ་ཡིན། བཤད་སྲོལ་ལྟར་ན། བོད་རིགས་ཀྱི་མེས་པོ་རྣམས་ཀྱིས་ཕྱུགས་རིགས་འཚོ་སྐྱོང་བྱས་ནས་སྐྱས་སྤོ་བྱེད་དགོས་ཀྱི་ཡོད་པས། ཟས་རིགས་གཙོ་བོར་ཤ་དང་འོ་མ་ལས་མེད། དེ་ལས་བྱུང་བའི་དཀར་དམར་རིག་གནས་རིམ་བཞིན་བཟོ་བཀོད་རིམ་ངོས་སུ་དར་ཁྱབ་བྱུང་ཞིང་། མི་སེར་དཀྱུས་མའི་ཁང་པར་ཚོན་རྩི་དཀར་པོ་བྱུགས་ནས་དམར་པོ་དང་སེར་པོ་གཙོ་བོར་བྱེད་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་དབྱེ་བ་འབྱེད་ཀྱི་ཡོད།

    དམར་པོ་དང་། དཀར་པོ། སེར་པོ་བཅས་ཚོས་གཞི་གསུམ་ཕུད། ད་དུང་བོད་ཀྱི་སྲོལ་རྒྱུན་བཟོ་བཀོད་ལ་ཚོས་གཞི་ནག་པོ་གཏོང་སྲོལ་ཡང་ཡོད། སྤྱིར་ན་གདུང་མ་དང་། སྒེའུ་ཁུང་། སྒོ་ཐོད་བཅས་ཀྱི་གཞོགས་གཉིས་སུ་གཏོང་གི་ཡོད། མདོར་ན། ཚོས་གཞི་རེ་རེ་དང་གཏོང་སྟངས་མི་འདྲ་བ་ཚང་མར་ཆོས་ལུགས་དང་དམངས་སྲོལ་གྱི་བསྟན་དོན་གང་རུང་ཡོད།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།