དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྒྱ་བོད་ཡིག་སྒྱུར་ཁྲོད་ལྷག་པའི་གནད་དོན་འགའ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-13

    དེང་གི་ཆར། མི་རྣམས་ཀྱིས་དྲ་རྒྱ་དང་། ལག་ཐོགས་ཁ་པར། རླུང་འཕྲིན་བརྙན་འཕྲིན་སོགས་བརྒྱུད་ནས་རྒྱལ་ཕྱི་རྒྱལ་ནང་གི་དོན་ཆེན་དང་། ཏང་དང་སྲིད་གཞུང་གི་མཛད་ཕྱོགས་སྲིད་ཇུས་སོགས་ལ་རྒྱུས་ལོན་བྱེད་ཀྱི་ཡོད་པས། བོད་ཡིག་གསར་འགྱུར་ནི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་འཛམ་གླིང་ལ་ཤེས་རྟོགས་བྱེད་པའི་སྐར་ཁུང་ལྟ་བུར་གྱུར་ཡོད། ཡིན་ནའང་། གསར་འགྱུར་མང་པོ་ཞིག་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མང་ཚོགས་ལ་དྲིལ་བསྒྲགས་བྱེད་དགོས་སྟབས། ནམ་རྒྱུན་རྒྱ་བོད་ཡིག་སྒྱུར་བྱེད་རིང་མ་ཡིག་ལ་གོ་བ་ཡང་དག་ལེན་མི་ཐུབ་པའམ། ཡང་ན་རྒྱ་བོད་བརྡ་སྤྲོད་ཀྱི་ཁྱད་པར་དབང་གིས་མ་ཡིག་གི་ནང་དོན་འགའ་རེ་བུ་ཡིག་ཏུ་སྒྱུར་སྐབས་བརྗོད་དོན་ཁ་མི་གསལ་བ་དང་། གོ་རིམ་འཁྲུག་པ། སྡེབ་མི་ལེགས་པ་སོགས་ཀྱི་གནད་དོན་མི་ཉུང་བ་ཞིག་ཐོན་དང་འཐོན་བཞིན་ཡོད་པས། གནད་དོན་དེ་དག་ལ་གཞིགས་ཏེ་རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་དང་འབྲེལ་ནས་མྱོང་ཚོར་རམ་ལྟ་ཚུལ་ཅུང་ཟད་གླེང་བར་བྱའོ།

    དང་པོ། མ་ཡིག་ལ་གོ་བ་ཟབ་མོ་མ་ལོན་པའི་སྐྱོན།

    《སྒྲ་སྦྱོར་བམ་གཉིས》སུ། དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གང་བདེ་བར་གྱིས་ཤིག་ཅེས་བསྟན་པ་ལྟར། མ་ཡིག་གི་བརྗོད་བྱའི་བསྟན་དོན་ཇི་ལྟར་ཡིན་པ་དེ་ཇི་བཞིན་དུ་སྒྱུར་བྱེད་བུ་ཡིག་ཏུ་ལོ་ཙཱ་བྱེད་དགོས་པ་དང་། མ་ཡིག་གི་དོན་དང་མཐུན་པ་བྱེད་རྒྱུ་ནི་ཡིག་སྒྱུར་གྱི་སྲོག་ཤིང་ལྟ་བུ་ཡིན་པས། མ་ཡིག་གི་དོན་ཇི་བཞིན་སྟོན་པར་ཐོག་མར་མ་ཡིག་ལ་གོ་བ་ཡང་དག་ལེན་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་རེད། དེ་ཡང་ཐོག་མར་མ་ཡིག་ལ་གོ་བ་ལེན་སྐབས་བསྒྱུར་བྱའི་མ་ཡིག་གི་མིང་བརྡ་ཙམ་ལ་གོ་བ་བླངས་པས་མི་འགྲིག་པར། དེའི་གཏིང་ཟབ་པའི་ནང་དོན་དང་ཚིག་ངོས་རྒྱབ་ཀྱི་ནང་དོན་ངོ་མར་གོ་བ་ཁ་གསལ་ལོན་པར་བྱེད་དགོས། མ་ཡིག་ལ་གོ་བ་ཁ་གསལ་ལེན་མི་ཐུབ་ཚེ། ཡིག་སྒྱུར་གྱི་ལས་དོན་བདེ་བླག་སྒྲུབ་ཁག་པ་ཆོས་ཉིད་རེད། དཔེར་ན། “他在会议上提出了许多建设性意见”ལྟ་བུའི“建设性”ཞེས་པ་སྐབས་སུ་བབས་པའི་དོན་དང་། ཚིག་སྔ་ཕྱི། ལྷག་པར་དུ་སྒྱུར་བྱེད་བུ་ཡིག་གི་ཁྱད་ཆོས་དང་བསྟུན་ན། དགེ་མཚན་ལྡན་པའི་བསམ་འཆར་རམ་བསམ་འཆར་ཡག་པོ་ལྟ་བུར་ལོ་ཙཱ་བྱས་ན་ཅུང་འཚམ་པར་མཐོང་ཡང་། ལོ་ཙཱ་བ་ཁ་ཅིག་གིས“建设” ཞེས་པ་མཐོང་མ་ཐག་དེ་མ་ཉིད་དུ་འཛུགས་སྐྲུན་ལྡན་པའི་བསམ་འཆར་ཞེས་པར་བསྒྱུར་བ་དང་། ཡང“他发现了这个宝剑”ཞེས་པ་དང“我才发现她已经走了”ཞེས་པ་སོགས་དོན་ཉེ་བའི་མིང་བརྡ་ལོ་ཙཱ་བྱེད་སྐབས། ཚིག་དུམ་འདི་གཉིས་ཁྲོད་ཀྱི“发现”ཞེས་པའི་བརྗོད་བྱའི་དོན་མི་གཅིག་པ་ཡིན་ཏེ། དེ་ཡང་སྔ་མ་ནི་རྙེད་པའམ་མཐོང་བའི་དོན་དང་། ཕྱི་མ་ནི་ཤེས་པའི་དོན་ལ་གོ་བ་ཡིན། གོང་དུ་བརྗོད་པའི་མ་ཡིག་ལ་གོ་བ་ལེན་ཞེས་པ་དེ་ཡང་ཐ་སྙད་ཁོ་ནར་ངོས་འཛིན་མི་རུང་བར། མིང་དང་ཚིག་གི་གྲུབ་ཚུལ་དང་། སྐད་བརྡ་སྤྲོད་སྟངས། དེ་བཞིན་མ་ཡིག་གིས་བསྟན་པའི་ཚིག་ཟིན་རྒྱབ་ཀྱི་ནང་དོན་དང་རྒྱབ་ལྗོངས་སོགས་ལ་གོ་དགོས། དེ་ལྟར་བྱས་ན་གཞི་ནས་མ་ཡིག་གི་ནང་དོན་གནད་ལ་འཁེལ་པོས་བུ་ཡིག་ཏུ་སྒྱུར་ཐུབ་སྙམ།

    གཉིས་པ། བསྒྱུར་བྱའི་མ་ཡིག་ལ་ལྟ་ཀློག་བྱེད་ཚད་མི་འདང་བ།

    ལོ་ཙཱ་བ་ཞིག་ཡིན་ཕྱིན། ཡིག་སྒྱུར་གྱི་ལས་ཀར་ཞུགས་ནས་ལོ་ཇི་ཙམ་ཕྱིན་རུང་། ཡིག་སྒྱུར་གྱི་ལག་ལེན་དངོས་ལ་མ་ཞུགས་གོང་ངེས་པར་དུ་བསྒྱུར་བྱའི་རྩོམ་གྱི་མ་དཔེར་ཉུང་མཐར་ཡང་ཐེངས་གཉིས་གསུམ་ཙམ་ཀློག་དགོས། མ་ཡིག་ལ་ལྟ་ཀློག་ཡང་ཡང་བྱེད་དོན་ཡང་ལྟ་ཀློག་བྱས་པ་བརྒྱུད། རྩོམ་གྱི་སྤྱི་ཁོག་ལ་རྒྱུས་ལོན་དང་། བསྒྱུར་བྱའི་མ་ཡིག་གི་གོང་འོག་སྦྲེལ་སྟངས། མ་ཡིག་གི་བརྗོད་བྱའི་ནང་དོན་དང་རྗོད་བྱེད་ཚིག་སྦྱོར་སྤེལ་སྟངས་སོགས་ལ་ཕན་པ་ཇི་སྙེད་ཅིག་ཡོད། 《རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ཞིབ་འཇུག》ཅེས་པར། རྩོམ་ལུས་ཇི་ལྟ་བུའི་བརྩམས་ཆོས་ཤིག་བསྒྱུར་དགོས་རུང་། ཐོག་མར་མ་ཡིག་ཞིབ་ཀློག་བགྱིས་ཏེ་མ་ཡིག་གི་བརྗོད་བྱ་ཕྲ་མོ་ཡན་ཆད་ཡང་དག་པར་རྟོགས་རྗེས། ད་གཟོད་མ་ཡིག་གི་ནང་དོན་རྣམས་ཡང་དག་པའི་སྒོ་ནས་བསྐྱར་མཚོན་བྱེད་ཐུབ་ཅེས་བསྟན་པ་ལྟར། གལ་ཏེ་མ་ཡིག་ལ་ལྟ་ཀློག་ཐེངས་འགའ་ཡང་མ་བྱས་པར་ཐད་ཀར་ཨ་ན་ཨུ་ཚུགས་ཀྱིས་ཡིག་སྒྱུར་བྱས་ཚེ། དོན་དང་མི་འགལ་བར་གནད་ལ་འཕིགས་པ་ཞིག་ཡོང་དཀའ་བས། མ་ཡིག་ལ་གོ་བ་ཡག་པོ་ལེན་རྒྱུ་ནི་ལོ་ཙཱའི་ལག་ལེན་དངོས་ལ་ཞུགས་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། གལ་ཏེ་དེ་ལྟར་མ་བྱས་ཚེ། བུ་ཡིག་གང་དེ་རྡོ་ཆག་བཙན་སྒྲིག་ལྟ་བུར་འགྱུར་ཉེན་ཆེ་བས། དེས་ཀློག་པ་པོས་བརྗོད་བྱའི་ནང་དོན་ལ་གོ་བ་ཡང་དག་ལེན་པར་འགོག་རྐྱེན་དང་འོ་བརྒྱལ་བཟོ་ངེས་པ་མ་ཟད། ཡིག་སྒྱུར་དང་གསར་འགྱུར་གྱི་ཁྱབ་སྤེལ་དང་དྲིལ་བསྒྲགས་ཀྱི་ནུས་པའང་ཉམས་འགྲོ་ངེས། དཔེར་ན། “禁白从我做起”ལྟ་བུའི“禁白”ནི་འགྱིག་སྙིགས་བཀག་འགོག་ཅེས་པའི་དོན་ཡིན་རུང་། ལོ་ཙཱ་བ་ཁ་ཅིག་གིས་ཐད་ཀར་དཀར་པོ་གཏན་འགོག་ཅེས་པར་སྒྱུར་བཞིན་ཡོད་པས། དེ་ལྟར་བསྒྱུར་ན་ཀློག་པ་པོས་གོ་བ་མཐིལ་ཕྱིན་པ་ཞིག་ལོན་པར་དཀའ་ཁག་བཟོ་ངེས་ཡིན།

    གསུམ་པ། སྐད་ཡིག་གཞན་གྱི་བརྡ་སྤྲོད་ཀྱི་ཤན་ཞུགས་པ།

    《རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ཞིབ་འཇུག》ནང་། མི་རིགས་སོ་སོར་རང་རང་གི་སྐད་དང་ཡི་གེའི་ཁྱད་ཆོས་ལྡན་པའི་བརྡ་སྤྲོད་གཞུང་ལུགས་རེ་ཡོད་ཅིང་། བརྡ་སྤྲོད་ལུགས་ཡག་པོ་མ་ཤེས་ན་མ་ཡིག་གི་ནང་དོན་ཇི་བཞིན་རྟོགས་པར་དཀའ་ཁག་ངེས་ཅན་ཞིག་ཡོད་ཅེས་བསྟན་པ་ལྟར། བོད་སྐད་ཡིག་ལ་ཆ་མཚོན་ཡང་། མིང་དང་ཚིག་སོགས་ཕྱོགས་གང་ཐད་ནས་བཤད་ཀྱང་བརྡ་སྤྲོད་ཀྱི་རྣམ་གཞག་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས། རྒྱ་བོད་ཡིག་སྒྱུར་བྱེད་རིང་ངེས་པར་དུ་བོད་ཀྱི་བརྡ་སྤྲོད་རྣམ་གཞག་དང་སྐད་ཆའི་ཁྱད་ཆོས་གཞིར་བཟུང་སྟེ། བསྒྱུར་བྱའི་མ་ཡིག་གང་དེའི་ཚིག་གོང་འོག་གི་གྲུབ་ཆར་གྱུར་པའི་མིང་བརྡ་རེ་རེ་ལའང་གཙིགས་ཆེན་གྱིས་ཚིག་དུམ་རེ་རེའི་དབར་གྱི་བརྡ་སྤྲོད་ཀྱི་འབྲེལ་བར་དབྱེ་ཞིབ་ལེགས་པར་བྱས་ཐོག དུས་རྒྱུན་མང་ཚོགས་ཀྱི་སྐད་ཆའི་འགྲོས་དང་མཐུན་པ་ཞིག་དགོས་པ་ལས། སྐད་རིགས་གཞན་གྱི་བརྡ་སྤྲོད་ཀྱི་རྗེས་སུ་འབྲངས་ཚེ། བུ་ཡིག་གང་དེ་མང་ཚོགས་ཀྱིས་དང་ལེན་བྱེད་དཀའ་བའི་ཁར། ཞྭ་དཔེ་ལྷམ་འགེབས་ལྟ་བུའི་དཔེ་རུ་འགྱུར་ཉེན་ཆེ། དཔེར་ན། “第四届藏博会”ལྟ་བུར་བོད་ལྗོངས་དངོས་མང་བཤམས་སྟོན་སྐབས་བཞི་པ་ཞེས་བོད་ཀྱི་བརྡ་སྤྲོད་ལྟར་བསྒྱུར་དགོས་རུང་། སྐབས་བཞི་པའི་བོད་ལྗོངས་དངོས་མང་སྟོན་ཚོགས་ཞེས་པར་བསྒྱུར་བ་མཐོང་མང་བས། དེ་ལ་མི་རིགས་གཞན་གྱི་བརྡ་སྤྲོད་ཀྱི་ཤན་ཞུགས་པ་མངོན་གསལ་དོད་པོ་རེད། དེ་མིན“人造皮”ཞེས་པར་ཀོ་བ་བཅོས་མ་ཞེས་པར་མ་བསྒྱུར་བར་མིས་བཟོས་ལྤགས་པ་ཞེས་པར་བསྒྱུར་བ་ལྟ་བུ་དང་། “绿色通道”ཞེས་པར་ཤར་བགྲོད་ལམ་བུ་ཞེས་མ་བསྒྱུར་བར་ལྗང་མདོག་འགྲོ་ལམ་ཞེས་པར་སྒྱུར་བཞིན་ཡོད་པས། དེ་ལྟར་བསྒྱུར་ཚེ། རྒྱ་ཆེའི་མང་ཚོགས་ཀྱིས་གོ་བ་ལེན་པར་འགོག་རྐྱེན་བཟོ་ངེས་པས། ངེས་པར་དུ་བསྒྱུར་བྱའི་སྐད་ཡིག་གི་རིག་གནས་རྒྱབ་ལྗོངས་སོགས་རྨང་གཞིར་བྱས་ཐོག བུ་ཡིག་ཏུ་སྒྱུར་སྐབས་སྒྱུར་བྱེད་བུ་ཡིག་གི་བརྡ་སྤྲོད་ལུགས་དང་ངེས་པར་དུ་བསྟུན་གང་ཐུབ་བྱེད་དགོས།

    བཞི་པ། ལོ་ཙཱ་བར་ཤེས་བྱ་ཕུན་སུམ་ཚོགས་པོ་མེད་པའི་སྐྱོན།

    དེང་གི་ཆར་ཆ་འཕྲིན་ཅན་གྱི་དུས་རབས་སུ་སླེབས་པ་དང་བསྟུན་ནས། བྱ་དངོས་གསར་པ་མང་པོ་ཆར་རྗེས་ཀྱི་སྤང་ལ་ཤ་མོ་བརྡོལ་བ་ཇི་བཞིན་ཐོན་དང་འཐོན་མུས་ལགས་པས། ཡིག་སྒྱུར་གྱི་ལས་ལ་ཞུགས་པའི་ལོ་ཙཱ་བ་ཚོས་ཀྱང་ངེས་པར་དུ་དུས་ཀྱི་གོམ་འགྲོས་དང་བསྟུན་ནས་དུས་བསྟུན་མདུན་སྐྱོད་ཐུབ་པ་བྱས་ཏེ། ལྟ་རྒྱ་མཐོང་རྒྱ་བསྐྱེད་ནས་རང་རྒྱུད་ལ་ཤེས་བྱ་སྣ་མང་ཕུན་སུམ་ཚོགས་པོ་གསོག་དགོས། ལྷག་པར་དུ་ལོ་ཙཱ་བ་ཕུལ་དུ་བྱུང་བ་ཞིག་བྱེད་དགོས་ཚེ། ངེས་པར་དུ་བསྒྱུར་བྱ་སྒྱུར་བྱེད་ཀྱི་བརྡ་སྤྲོད་ལ་བྱང་ཞིང་། རྒྱུན་སྤྱོད་ཐ་སྙད་འབོར་ཆེན་ཁོང་དུ་ཆུད་པར་བྱས་ཐོག གནའ་དེང་རིག་གནས་སྤྱི་དང་ཡང་སྒོས་ཚན་རྩལ་གྱི་ཤེས་བྱ་སྣ་ཚོགས་ལ་ཐོས་བསམ་གང་མང་བྱེད་དགོས། གལ་ཏེ་ཐོས་རྒྱ་མཐོང་རྒྱ་ཆེན་པོ་མེད་ཚེ། ཡིག་སྒྱུར་གྱི་ལག་ལེན་དངོས་ལ་ཞུགས་སྐབས། དཀའ་ཁག་རབ་དང་རིམ་པ་འཕྲད་ངེས་ཡིན། ལྷག་པར་དུ་དེང་གི་ལོ་ཙཱ་བས་བརྗོད་བྱ་དང་རྩོམ་ལུས་མི་གཅིག་པའི་རྩོམ་ཡིག་སྣ་ཚོགས་ཡིག་སྒྱུར་བྱེད་དགོས་སྟབས། ལོ་ཙཱ་བས་ངེས་པར་དུ་ས་ཁམས་དང་། རྫས་འགྱུར། སྐྱེ་དངོས་སོགས་རིག་ཚན་གཞན་ལའང་ལྷོད་གཡེང་མེད་པར་སློབ་སྦྱོང་བགྱིས་ཏེ་ཐོས་པ་གང་མང་གསོག་དགོས་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་བར་མཐོང་།

    (ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་པད་མ་བཀྲ་ཤིས)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།