འབད་འཐབ་ཀྱི་ལམ་བུར་སྙིང་རུས་ཆེན་པོས་མདུན་དུ་སྐྱོད།
བོད་ལྗོངས་གཏེར་སྒྲོམ་གཙུག་གཡུ་བྱ་གཞག་འཕེལ་རྒྱས་ཚད་ཡོད་ཀུང་སི་འཛུགས་མཁན་མེ་ཏོག་གི་སྐོར་བཀོད་པ།
གདོང་ལ་ཨན་རྡར་བྱུག་རྫས་བྱུགས་པའི་བོད་ལྗོངས་གཏེར་སྒྲོམ་གཙུག་གཡུ་བྱ་གཞག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་དོན་པ།
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་འབྲི་གུང་རོང་དུ་ཆུ་ཕྲན་དལ་གྱིས་རྒྱུག་པ་དང་། རྩྭ་རྩི་ཤིང་སྐྱེ་འཚར་ཤིན་ཏུ་བཟང་བ། སྨན་རྩྭ་ཕུན་སུམ་ཚོགས་པ་བཅས་ཀྱི་གནས་མཆོག་ཅིག་ཡོད་ཅིང་། དེ་ནས་ཐོན་པའི་རོ་མངར་བའི་འབྲིའི་འོ་མ་དང་བྲོ་བ་ཆེ་བའི་ཚགས་ཤ་ནི་མི་མང་པོས་ཧབ་ཐོབ་བརྒྱབ་ནས་ཉོ་བའི་ཐོན་རྫས་རྩེ་གྲའི་གྲས་ཤིག་ཏུ་གྱུར་ཡོད།
མེ་ཏོག་དང་གཅེན་མོ་གཉིས་པོ་ཞོགས་པ་སྔ་པོ་ནས་ལས་ལ་བྲེལ་འགོ་ཚུགས་ཤིང་། ཁོང་གཉིས་ཀྱིས་ནང་མི་ཚང་མར་ཞོགས་ཟས་གྲ་སྒྲིག་བྱས་རྗེས་ཉིན་གཅིག་གི་ལས་ཀའི་ཐོག་མ་འོ་མ་འཇོ་བ་ནས་འགོ་བཙུགས། མེ་ཏོག་གིས་སྤུ་མདོག་དཀར་ལ་ཤ་ཤེད་བཟང་བའི་འབྲི་གཅིག་ལ་གཟན་ཆག་སྟེར་ཞིང་། འབྲི་དེས་གཟན་ཆག་བཟས་ཚར་མ་ཐག་མེ་ཏོག་གི་མཛུབ་མོ་དང་། སྦར་མཐིལ། རང་གི་ཁ་བཅས་ལ་ལྕེ་ལྡག་ཡང་ཡང་རྒྱག་པ་དང་། མེ་ཏོག་གིས་གད་མོ་དགོད་བཞིན་དུ་འབྲིའི་མགོ་བོ་དང་མིག་གཡོན་མར་བྱིལ་བྱིལ་བྱས། དེ་ནས་མེ་ཏོག་གིས་ལུས་པོ་སྒུར་ཙམ་བྱས་ཏེ་བྱང་ཆ་དོད་པོས་འོ་མ་འཇོ་འགོ་ཚུགས། འབྲི་དེས་ཁ་ལ་ཉན་ཞིང་ལྷོད་ལ་བབ་པོས་རྒྱང་རིང་ངམ་ཡང་ན་ཉེ་སའི་གནས་ཤིག་ལ་ལྟ་བཞིན་མཆིས།
ད་ལོ་ལོ་42ལ་སླེབས་པའི་འབྲི་གུང་ཨན་རྡར་ལག་རྩལ་གྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་མེ་ཏོག་གིས། ངའི་རྨོ་བོ་ལགས་ཀྱི་རྨོ་བོ་ལགས་ཏེ་ཡང་རྨོ་ནས་བཟུང་ཨན་རྡར་བཟོ་ཡི་ཡོད། ད་ཆ་གཞོན་ནུ་མང་པོ་ཞིག་ཕྱིར་གླ་པ་རྒྱུག་པར་འགྲོ་བ་དང་། ཡང་གཞོན་ནུ་འགའ་ཞིག་འབྲོག་ལས་བྱེད་འདོད་མེད་སྟབས། འབྲོག་ཁུལ་དུ་སྡོད་མཁན་ལོ་རེ་ལས་ལོ་རེ་བཞིན་ཉུང་དུ་འགྲོ་ཡི་འདུག གལ་སྲིད་ཚང་མས་བསམ་ཚུལ་འདི་འདྲ་ཁྱེར་ནས་འཚོ་བ་བསྐྱལ་ན། ང་ཚོའི་མེས་པོས་བཞག་པའི་ཕུལ་བྱུང་གི་མངོན་མིན་རིག་གནས་ཤུལ་བཞག་དག་ནམ་ཞིག་བརླག་རྒྱུ་ཉག་ཅིག་རེད་ཅེས་ཧ་ཅང་དོ་ནན་པོས་བརྗོད།
ཨན་རྡར་ནི་འབྲིའི་འོ་མ་ལས་བཟོས་པའི་བྱུག་རྫས་དང་སྣག་ཚའི་ཐོན་རྫས་ཤིག་ཡིན་ཞིང་། འབྲིའི་འོ་མ་སོས་པ་ནས་མར་བཏོན་རྗེས་མུ་མཐུད་ཐབ་ལ་ཆུ་ཚོད་གསུམ་ཙམ་བསྐོལ་ནས་ཕྱུར་བ་བཏོན་རྗེས་ཀྱི་ད་རར་ད་གཟོད་ཨན་རྡར་བྱུག་རྫས་བཟོ་ཆོག་གི་ཡོད། ད་རས་ཨན་རྡར་བྱུག་རྫས་བཟོ་བ་ནི་ཆེས་གནད་འགག་ཆེ་ལ་ཆེས་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་ཞིག་རེད། ད་ར་སྐོལ་བའི་དུས་སུ་མེ་ཚད་རན་པོ་དགོས་ཤིང་། མེ་ཚ་དྲགས་ན་ད་ར་འཚིག་འགྲོ་བ་དང་མེ་ཆུང་དྲགས་ན་བསྐོལ་ཡུན་རིང་དུ་འགྲོ་བ་མ་ཟད། གར་སླ་འཚམ་པོ་ཡོང་གི་མེད། གནའ་བོའི་བཟོ་སྟངས་བཞིན་ད་ར་སྐོལ་སྐབས་ལྕི་བའི་མེ་བཏང་ན་མེ་ཤུགས་ཆེ་ཆུང་འཚམ་ཤོས་ཡིན་པ་དང་། བྱུག་རྫས་བཟོ་མཁན་གྱིས་ད་ར་སྐོལ་སྐབས་རྒྱུག་པ་ཕྲ་མོས་རྒྱུན་མི་ཆད་པར་དཀྲུགས་ནས་མ་འཚིག་པ་བྱེད་དགོས་ཀྱི་ཡོད།
ཡུན་རིང་བསྐོལ་རྗེས་ད་ར་དཀར་པོ་རིམ་བཞིན་ནག་པོ་ཆགས་ན་ད་གཟོད་ཨན་རྡར་བྱུག་རྫས་བཟོ་བའི་རྒྱུ་ཆ་བྱས་ཆོག བྱུག་རྫས་དེ་གདོང་ལ་བྱུགས་ན་འོ་མ་གདོང་ལ་བྱུགས་པ་དང་ཁྱད་པར་མེད་ཅིང་། གནོད་པ་མེད་ལ་སྒེག་འཆོས་ཀྱི་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཡོད། དེ་མིན་རྒྱུ་ཆ་ནི་ཁ་ལ་ཞིམ་པའི་འོ་མ་ཡིན་པས་ཐད་ཀར་བཟས་ནའང་འགྲིག
2016ལོའི་ཟླ་བ་དྲུག་པར་མེ་ཏོག་གིས་མལ་གྲོ་གུང་དཀར་རྫོང་གཏེར་སྒྲོམ་གཙུག་གཡུ་བྱ་གཞག་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པ་དང་། གཉེར་སྐྱོང་བྱེད་པའི་ཚོང་ཟོག་གི་གྲས་སུ་ཡུལ་ཟོག་དང་། ཀོ་ཆས། དེ་བཞིན་མི་རིགས་ལག་ཤེས་ཐོན་རྫས་སོགས་ཡོད་ལ། ཁོང་གིས་ད་དུང་སྔ་རྗེས་སུ་ས་ཁོངས་ཀྱི་ལེགས་ཆ་ལྡན་པའི་ཁྱད་ལྡན་ཐོན་རྫས་བཅུ་གྲངས་གསར་སྤེལ་བྱས་ནས། བོད་ཀྱི་དངོས་མང་སྟོན་ཚོགས་དང་། ནང་སའི་ཚོང་འདུས། དེ་བཞིན་དྲ་ཐོག་ནས་བཙོངས་པར་འཛད་སྤྱོད་པ་མང་པོས་དགའ་པོ་བྱེད་ཀྱི་ཡོད།
ཀུང་སིས་ད་དུང་གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲི་ཕྲག་ཏུ་ཁུར་ཞིང་། སྲོལ་རྒྱུན་གྱི་ལག་རྩལ་གསོ་སྦྱོང་ལམ་སྲོལ་བཙུགས་ནས་ལོ་ལྟར་བུད་མེད་ཀྱི་ལས་སྒོར་དམིགས་ཏེ་གསོ་སྦྱོང་ཐེངས་20ལྷག་ཙམ་བྱས་པར། རིམ་རྩིས་ལྟར་ན་གསོ་སྦྱོང་ལ་ཞུགས་མཁན་མི་ཐེངས་630ལྷག་ཙམ་ཟིན་པ་དང་། ཀུང་སིར་ལས་ཞུགས་བྱས་པའི་ལས་བཟོའི་གྲས་སུ་དུད་ཚང་དབུལ་པོའི་མི་10དང་དུད་ཚང་དཀྱུས་མའི་མི་6ཡོད། གཞན་ཡང་། ཀུང་སིས་སྔ་རྗེས་སུ་གཏེར་སྒྲོམ་གྲོང་ཚོར་དབུལ་སྐྱོར་དངུལ་སྒོར་ཁྲི་43སྤྲད་པ་དང་། ལོ་ལྟར་དུད་ཚང་དབུལ་པོའི་ཡུལ་མིར་འཚམས་འདྲི་བྱེད་པ། ད་དུང་རྒྱུན་དུ་སྤྱི་ཕན་བྱེད་སྒོ་སྤེལ་ནས་དབང་པོ་སྐྱོན་ཅན་ལ་ཞལ་འདེབས་རྒྱག་བཞིན་ཡོད།
བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་ཞབས་བྲོ་ཚན་ཁག་གི་ཞིབ་འཇུག་སློབ་མ་ཞིག་གིས། མཐར་ཕྱིན་དགོང་ཚོགས་ཀྱི་འཁྲབ་སྟོན་ལ་ངས་ཨན་རྡར་བྱུག་རྫས་བེད་སྤྱོད་བཏང་བ་ཡིན། ང་ལ་བྱུང་བའི་བག་ཆགས་ཟབ་ཤོས་ནི་ཨན་རྡར་བཟའ་ཆོག་པ་དེ་རེད། དེའི་བྲོ་བ་གཞན་དང་མི་འདྲ་བ་ཞིག་ཡོད་པ་ནི་ཨན་རྡར་བཟོ་བའི་རྒྱུ་ཆ་ཚང་མ་འོ་མ་ཁོ་ན་ཡིན་སྟབས། དེ་བཟས་རྗེས་ཞོ་བལྡགས་པ་དང་ཕྱུར་བ་བཟས་པའི་བྲོ་བ་འདུག་ཅེས་བརྗོད།
བོད་ཡིག་ཡིག་གཟུགས་རིག་གནས་ཁྱབ་སྤེལ་གཏོང་མཁན་དང་བྱིས་པར་ཡིག་གཟུགས་སློབ་ཁྲིད་བྱེད་བཞིན་པའི་བློ་བཟང་གིས་སྦྱང་ཤིང་ཐོག་ནན་ཏན་ངང་ཡི་གེ་འབྲི་བཞིན་ཡོད་ཅིང་། ཁོང་གི་པིར་རིས་རེ་རེ་ལས་ཨན་རྡར་གྱི་དྲི་ཞིམ་འཐུལ་འོང་། ཁོང་གིས། ཨན་རྡར་སྣག་ཚའི་ཁ་དོག་རྫ་མདོག་ཡིན་པས། བལྟས་ན་སྙིང་རྗེ་ལ་ཁམས་དྭངས་མོ་ཡོད་ཅེས་བརྗོད། བློ་བཟང་འདི་ལྟར་ཨན་རྡར་གྱི་དྲི་ཞིམ་ཁྲོད་སྲོལ་རྒྱུན་བོད་ཡིག་ཡིག་གཟུགས་ཀྱི་ཡིད་འོང་འཇིག་རྟེན་དུ་དབྱིངས་ལ་ཚུད་འདུག
འཛད་སྤྱོད་པ་དེ་བས་མང་བས་ཨན་རྡར་གྱི་ཐོན་རྫས་སྤྱད་རྗེས་གདེང་འཇོག་ཡག་པོ་བྱས་པར་བརྟེན། མེ་ཏོག་གིས་ཨན་རྡར་གྱི་ཐོན་རྫས་མུ་མཐུད་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བའི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད།